༢༠༡༡ ཟླ་ ༤ ཚེས་ ༡༤ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༡༡ ཟླ་ ༤ ཚེས་ ༡༢ ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཡུ་རོབ་རྒྱལ་ཁབ་ཨ་ཡེར་ལན་ཌིའི་ (Ireland) ཁུལ་དུ་༸ཞབས་སོར་འཁོད་མཚམས་ས་གནས་བོད་མི་ཉུང་ཤས་ཤིག་ལ་མཇལ་ཁ་སྩལ་ཏེ་བོད་མིའི་ཆོས་དང་རིག་གཞུང་། སྐད་ཡིག་བཅས་སྲུང་སྐྱོབ་བྱས་ཏེ་གཞོན་སྐྱེས་མི་རབས་གསར་པ་ཚོར་བོད་ཀྱི་ཐུན་མིན་ལེགས་བྱང་བཟང་པོ་དེ་དག་རྩིས་སྤྲོད་དགོས་པའི་བཀའ་སློབ་སྩལ།
ཕྱི་ཟླ་ ༤ ཚེས་ ༡༣ རེས་གཟའ་ལྷག་པའི་ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཨ་ཡེར་ལན་ཌིའི་རྒྱལ་ས་ཌབ་ལིན་སི་ཊི་ཝེ་སི་ཊིའི་མགྲོན་ཁང་གི་ (CityWest Hotel in Dublin) ཚོགས་ཁང་ཆེན་མོའི་ནང་ཕྱི་ལོ་ ༢༠༡༡ ལོའི་ནང་འགྱུར་བ་གཏོང་རྒྱུའི་གོ་སྐབས་སྲིད་པ། (The posibilities 2011) ཞེས་པའི་ཚོགས་ཆེན་དུ་ཡུལ་དེའི་སྲིད་འཛིན་ཟུར་པ་མཆོག་དང་གཞན་ཡང་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ཚོགས་ཆུང་གི་འགན་འཛིན་ཟུར་པ་ལྕམ་སྐུ་མེ་རི་རོ་བྷིན་སན་ (Mary Robinson) སོགས་ཀྱིས་གཙོས་མང་ཚོགས་ ༢༠༠༠ ཙམ་ལ་བླང་དོར་བཀའ་སློབ་སྩལ་ཡོད། སྐབས་དེར་ཨ་ཡེར་ལན་ཌིའི་ཡུལ་གྱི་གཞས་པ་ཁག་གཅིག་དང་སློབ་ཕྲུག་རྣམས་ཀྱིས་གཞས་སྣ་འཁྲབ་སྟོན་གཟིགས་འབུལ་ཞུས་ཡོད། དེ་རྗེས་མགོན་པོ་གང་ཉིད་མཆོག་གིས་བཀའ་སློབ་སྩལ་དོན།
དེང་སྐབས་སྤྱི་ཚོགས་ཁྲོད་འཕྲད་བཞིན་པའི་དཀའ་ངལ་མང་དག་ཅིག་ང་ཚོ་རང་གིས་བཟོས་པ་ཞིག་རེད། གལ་ཏེ་ང་ཚོས་མི་ཙམ་མིན་པར་གོ་ལའི་སྟེང་འཚོ་གནས་བྱེད་བཞིན་པའི་སྲོག་ཆགས་གཞན་ལའང་གཅེས་སྐྱོང་བྱས་ཚེ་ང་ཚོའི་མི་གཞན་ལ་འཛིན་རྒྱུའི་མཛའ་བརྩེའི་བསམ་པ་དེ་ཤུགས་ཆེ་རུ་འགྲོ་ངེས་རེད། དུས་རབས་འདི་བཞིན་མི་གསོད་ཁྲག་སྦྱོར་དང་ཞི་བདེའི་དུས་རབས་ཇི་འདྲ་ཞིག་སྐྲུན་མིན་གཞོན་སྐྱེས་ཚོར་རག་ལུས་ཡོད། དེར་བརྟེན་གཞོན་སྐྱེས་ཚོར་འགན་ཧ་ཆང་ཆེན་པོ་ཞིག་རང་ཉིད་ཀྱི་ཕྲག་པའི་སྟེང་ཡོད། འཁྲུག་རྩོད་ལ་བརྟེན་ནས་འཛམ་གླིང་ནང་མི་མང་ས་ཡ་མང་པོ་དམར་གསོད་བཏང་ཡོད། དེར་བརྟེན་ད་ཆ་དུས་རབས་ ༢༡ སྐབས་དཀའ་ངལ་རྣམས་གྲོས་མོལ་གྱི་ལམ་ནས་སེལ་ཐུབ་པ་བྱེད་རྒྱུ་དེ་རྒྱུ་མཚན་ལྡན་པའི་ཐབས་ལམ་ཉག་གཅིག་ཡིན།
བདེ་སྐྱིད་ཀྱི་རྒྱུ་གཙོ་བོ་སེམས་ཞི་བདེ་བག་ཕེབས་ཞེས་པ་དེ་དངུལ་གྱིས་བསྐྲུན་མི་ཐུབ། དངུལ་སྒོར་ཐེར་འབུམ་མང་པོའི་བདག་པོ་འབྱོར་ལྡན་ཅན་སེམས་ལ་ཞི་བདེས་ཕོངས་པ་དེ་འདྲ་མང་པོ་ཡོད། ཁོང་ཚོར་དབང་ཤུགས་ཆེན་པོ་ཡོད་ནའང་སེམས་ཀྱི་ཞེ་ཕུག་ལ་ཧ་ཅང་སེམས་ཁྲལ་དང་དངངས་འཚབ་ཡོད། བདེ་སྐྱིད་བསྐྲུན་རྒྱུའི་རྒྱུ་མཐར་ཐུག་དེ་སོ་སོའི་རང་རྒྱུད་ལ་ཡོད། ངོས་རང་དངུལ་གྱི་སྐོར་འགྲོ་སྟངས་དེ་ཙམ་ཤེས་ཀྱི་མེད། འོན་ཀྱང་ངོས་ཀྱི་གྲོགས་པོ་ཚོས་བརྗོད་པར་གཞིགས་ན། ད་ཆ་འཛམ་གླིང་ནང་དཔལ་འབྱོར་གྱི་དཀའ་ངལ་ (Global Recession) འཕྲད་བཞིན་པའི་རྒྱུ་རྐྱེན་གཙོ་བོ་ནི་ཕུགས་རྒྱང་རིང་པོའི་བསམ་བློ་མེད་པར་མིག་རྒྱང་ཐུང་ངུའི་བསམ་བློ་འཛིན་པ་དང་མིའི་འདོད་རྔམ་ལས་བྱུང་བ་ཞིག་ཡིན་པ་བརྗོད་ཀྱི་འདུག
དངུལ་ལ་མཐའ་གཅིག་ཏུ་སྐྱབས་བཅོལ་བ་ཡིན་ན་དཀའ་ངལ་ཧ་ཅང་ཆེན་པོ་འཕྲད་ངེས་ཡིན་པས་བྱམས་པ་དང་བརྩེ་བར་གཞི་བཅོལ་བའི་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་ཐབས་བྱེད་དགོས། ཨ་ཡེར་ལན་ཌིའི་ཡུལ་འདིར་གོ་ལ་སྤྱི་མཚུངས་བཞིན་དཔལ་འབྱོར་གྱི་དཀའ་ངལ་འཕྲད་བཞིན་ཡོད་པར་བརྟེན། ཁྱེད་ཚོས་སེམས་ཤུགས་མ་ཆག་པར་མུ་མཐུད་དཀའ་ལས་རྒྱག་དགོས་ཞེས་སོགས་ཀྱི་བཀའ་སློབ་སྩལ་གྲུབ་མཚམས། མང་ཚོགས་ཁག་གཅིག་གིས་དངུལ་ཁང་བདག་པོ་དང་རྒྱལ་ཁབ་ཀྱི་ཆབ་སྲིད་འགོ་ཁྲིད་ཚོས་བྱེད་སྟངས་མ་འགྲིགས་པར་བརྟེན། ད་ཆ་གོ་ལའི་དཔལ་འབྱོར་གྱི་དཀའ་ངལ་གསར་པ་འཕྲད་བཞིན་ཡོད་སྟབས་ཁོང་ཚོར་བཟོད་བསྲན་བྱེད་དགོས་མེད་ཀྱི་དྲི་བ་ཕུལ་བར་མགོན་པོ་གང་ཉིད་མཆོག་གིས་བཀའ་ལན་ཕེབས་དོན། བཟོད་བསྲན་བྱ་རྒྱུ་ཟེར་བ་དེ་དྲན་པ་བརྗེད་དགོས་པའི་དོན་མིན་པར་ནོར་འཁྲུལ་བྱེད་མཁན་ཚོར་སྐྱོན་བརྗོད་ངེས་པར་དུ་བྱེད་དགོས། འོན་ཀྱང་ཁོང་ཁྲོ་ལང་རྒྱུ་མེད། ཁོང་ཁྲོ་ལང་པ་ཡིན་ན་ཕྱོགས་ལྷུང་གི་བསམ་པ་རང་བཞིན་གྱིས་བསླེབ་རྒྱུ་རེད། དེར་བརྟེན་རང་གིས་སྐྱོན་བརྗོད་གང་བྱས་པ་དེ་དོན་དམ་ཞིག་ཆགས་མི་ཐུབ་ཅེས་བཀའ་ལན་མཛད། ཚོགས་འདུ་གོ་སྒྲིག་གནང་མཁན་ཚོགས་པ་ཁག་གསུམ་ཡོད་པ་ནི་ཁྲུག་རྩོད་ནང་ཚུད་པའི་བྱིས་པའི་ཐེབས་རྩ་དང་། ཨ་ཕི་རི་དགེ་རྩ་ཚོགས་པ། དེ་བཞིན་སི་པན་ཨ་ཨོཊ་བཅས་ཡིན་འདུག
དེ་རྗེས་༸གོང་ས་མཆོག་ཀིལ་ཌེར་ (Kildare) དུ་ཡེ་ཤུའི་བརྩུན་མ་ཁག་གཅིག་གིས་ (Brigidine Sister) ཇི་ལྟར་གསོལ་འདེབས་ཞུས་དོན་བཞིན་ཆིབས་སྒྱུར་བསྐྱངས། ས་གནས་དེར་རྟེན་གཞི་བྱས་པའི་ཡེ་ཤུ་ཁེ་ཐོ་ལིག་ལྷ་ཁང་ (Catholic Church) དང་། ཡེ་ཤུ་པོར་ཊེ་སི་ཏན་ལྷ་ཁང་ (Protestant Church) ནང་ཆིབས་སྒྱུར་བསྐྱངས་ཏེ་ཆོས་ལུགས་སོ་སོའི་བླ་ཆེན་རྣམས་དང་མཇལ་འཕྲད་མཛད་ཡོད་པ་མ་ཟད། ལྷ་ཁང་ནང་ཁྱུག་ཙམ་རིང་སྐུ་མཚམས་བཞུགས་གནང་མཛད། དེ་རྗེས་ཡེ་ཤུའི་ལྷ་ཁང་སེན་ཊི་བྷི་རི་གི་ཌི་ཆཱར་ཅི་ (St Brigid`s Parish Church) ཞེས་པ་དེར་ཆིབས་སྒྱུར་བསྐྱངས་ཏེ་མང་ཚོགས་ ༧༠༠ ཙམ་ལ་བྱམས་བརྩེའི་སྐོར་(Spirituality of Compassion) ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་སྩལ་ཡོད་པ་བཅས།།