༢༠༡༡ ཟླ་ ༣ ཚེས་ ༣༠ རེས་གཟའ་ལྷག་པ།
༄༅། །འདི་གར་ལྡི་ལི་བོད་སྒར་བསམ་ཡས་གླིང་ས་གནས་འགོ་འཛིན་ལས་ཁང་ནས་བཏང་གནས་ནང་འཁོད་དོན། བོད་རྒྱལ་ལོ་ ༢༡༣༨ ཕྱི་ལོ་ ༢༠༡༡ ཟླ་ ༣ ཚེས་ ༡༠ ཉིན་མོ་ནི་ཕྱི་ལོ་ ༡༩༥༩ ལོར་བོད་དུ་རྒྱལ་གཅེས་དཔའ་བོ་དཔའ་མོ་ཁྲི་སྟོང་མང་པོས་རང་གི་གཅེས་པའི་ལུས་སྲོག་ལོངས་སྤྱོད་མཐའ་དག་བོད་ཀྱི་བསྟན་སྲིད་མི་རིགས་དང་བཅས་པའི་ཆེད་དུ་བློས་གཏོང་གིས་རྒྱ་ནག་བཙན་འཛུལ་བར་ཞི་བའི་སྒེར་ལངས་བྱས་ཏེ་མི་ལོ་ཧྲིལ་པོ་ ༥༢ འཁོར་བའི་དུས་དྲན་ལྡི་ལི་ས་གནས་སུ་སྔར་རྒྱུན་བཞིན་སྲུང་བརྩི་གཟབ་རྒྱས་ཞུས་ཡོད། དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༠༠ ཐོག་བོད་སྒར་བསམ་ཡས་གླིང་ནས་སྣུམ་འཁོར་ཆེ་བ་གྲངས་ ༥ དང་ལ་དྭགས་རྡ་ས་ནས་སྣུར་འཁོར་ཆེ་བ་ ༡ བཅས་ཁྱོན་བསྡོམས་སྣུར་འཁོར་ཆེ་བ་ ༦ ནང་ལྡི་ལི་ས་གནས་ཀྱི་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་འགན་འཛིན་དང་། ཚོགས་མི། སེར་སྐྱ་མི་མང། ས་གནས་བོད་ཁྱིམ་ཉིན་སློབ་ཀྱི་དགེ་ལས་སློབ་ཕྲུག་སོགས་མི་གྲངས་ ༥༠༠ ལྷག་ཙམ་རཱམ་ལི་ལཱ་ཐང་ཆེན་དུ་འཛོམས་ནས་ལག་ཏུ་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་དར་སོགས་འཁྱེར་ཏེ་རཱམ་ལི་ལཱ་ཐང་ཆེན་ནས་ (Delhi Gate, Jawahar Lal Nehru Marg, Ranjeet Singh Flyover, Tolstoy Marg, Janpath) བརྒྱུད་ཇན་ཏཱར་མཱན་ཏཱར་བར་ཞི་བའི་གོམ་འགྲོས་བྱས་ཡོད། དེ་ཡང་ཇན་ཏཱར་མཱན་ཏཱར་དུ་ཆུ་ཚོད་ ༡།༣༠ ཐོག་མཛད་སྒོར་གདན་ཞུས་ལྟར་སྐུ་མགྲོན་བླ་མ་ཆོས་འཕེལ་བཟོད་པ་ལགས་དང། རྒྱ་གར་གྱི་སྲིད་དོན་ཚོགས་པ་བྷི་ཇེ་པིའི་ཚོགས་གཙོ་ཝི་ཇེན་དྷར་གྷུཔ་ཏཱ་(Vijendra Gupta)ལགས། བྷུ་པེན་དྷར་སིངྒ་(Bupindra Singh) ལགས། ཧི་མ་ལ་ཡ་པཱ་རི་ཝར་གྱི་ཚོགས་མི་བཅས་བཞུགས་གནས་སུ་འཁོད་མཚམས་མཛད་སྒོ་དངོས་གཞི་དབུ་འཛུགས་ཀྱིས་ས་གནས་བོད་ཁྱིམ་ཉིན་སློབ་ཀྱི་སློབ་ཕྲུག་རྣམས་ནས་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་དང། གསུམ་བཅུའི་དུས་དྲན་གྱི་གླུ་གཞས་གཏོང་སྐབས་ཚང་མ་སྐུ་བཞེངས་ཐོག་བོད་བསྟན་སྲིད་ཀྱི་དོན་དུ་གཅེས་པའི་ལུས་སྲོག་ལོངས་སྤྱོད་མཐའ་དག་བློས་གཏོང་གནང་མཁན་གྱི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་དང། ད་ལྟ་བཙོན་ཁང་ནང་དཀའ་སྡུག་མྱངས་དང་མྱོང་བཞིན་པའི་རྒྱལ་ཞེན་ལྷག་བསམ་ཅན་རྣམས་ལ་བཀའ་དྲིན་རྗེས་དྲན་ཆེད་མྱ་ངན་གུས་འདུད་ངག་བཅད་སྐར་མ་གཉིས་ཞུས། དེ་རྗེས་ས་གནས་རང་བདེན་ཚོགས་ཆུང་གི་ཚོགས་གཙོ་བློ་བཟང་ཕུན་ཚོགས་ལགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གསུམ་བཅུའི་དུས་དྲན་ཐེངས་ ༥༢ ཐོག་ཡོངས་ཁྱབ་ཏུ་སྩལ་བའི་གསུང་འཕྲིན་དང། བཀའ་ཤག་དང་བོད་མི་མང་སྤྱི་འཐུས་ལྷན་ཁང་བཅས་ནས་གསུམ་བཅུའི་དུས་དྲན་ཐེངས་ ༥༢ ཐོག་གནང་བའི་གཏམ་བཤད་སྒྲོགས་སྦྱང་ཞུས་ཡོད།
དེ་བཞིན་རང་བདེན་ཚོགས་ཆུང་གི་ཚོགས་མི་བསོད་ནམས་དཔལ་ལྡན་ལགས་ཀྱིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གསུམ་བཅུའི་དུས་དྲན་ཐེངས་ ༥༢ ཐོག་ཡོངས་ཁྱབ་ཏུ་སྩལ་བའི་གསུང་འཕྲིན་དབྱིན་བསྒྱུར་གནང་བ་དེ་སྒྲོགས་སྦྱང་ཞུས་གྲུབ་མཚམས་བླ་མ་ཆོས་འཕེལ་བཟོད་པ་ལགས་ཀྱིས་གསུང་བཤད་གནང། དེ་རྗེས་སློབ་ཕྲུག་དང་མི་མང་རྣམས་ནས་བདེན་ཚིག་སྨོན་ལམ་གསུང་འདོན་གནང་གྲུབ་བསྟུན་བརྒྱ་དཔོན་རྡོ་རྗེ་དོན་གྲུབ་ལགས་ཀྱིས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་ཡོད། ཕྱོགས་མཚུངས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གསུམ་བཅུའི་དུས་དྲན་ཐེངས་ ༥༢ ཐོག་ཡོངས་ཁྱབ་ཏུ་སྩལ་བའི་གསུང་འཕྲིན་དབྱིན་སྐད་དང་ཧིན་སྐད་ཐོག་བསྒྱུར་བ་རྣམས་གསར་འགོད་པ་དང། ཕྱི་རྒྱལ་མི་རིགས། རྒྱ་གར་ཡུལ་མི་བཅས་ལ་འགྲེམས་སྤེལ་ཞུས་ཏེ་མཛད་སྒོ་ལེགས་པར་གྲུབ་པ་བཅས།།