༢༠༡༡ ཟླ་ ༣ ཚེས་ ༢༡ རེས་གཟའ་ཟླ་བ།
༅༅། །ཕྱི་ལོ་ ༢༠༡༡ ཟླ་ ༣ ཚེས་ ༢༠ ཉིན་བོད་གཞུང་ཕྱི་དྲིལ་ལྷག་པ་ཚེ་རིང་དྲན་རྟེན་ཚོགས་ཁང་དུ་བཙན་བྱོལ་བོད་མིའི་འབྱུང་འགྱུར་བཀའ་ཁྲི་སྐབས་གསུམ་པ་དང། སྤྱི་འཐུས་སྐབས་བཅོ་ལྔ་པའི་དངོས་གཞིའི་འོས་བསྡུ་མཇུག་སྒྲིལ་བའི་གསར་འགོད་གསལ་བསྒྲགས་གནང་ཡོད། དེ་ཉིན་ཕྱི་དྲོ་ཆུ་ཚོད། ༤།༣༠ ཐོག་དབུས་འོས་བསྡུ་ལས་ཁང་གི་འགན་འཛིན་འཇམ་དཔལ་ཆོས་བཟང་མཆོག་དང་། འོས་བསྡུ་འགན་འཛིན་ལས་འཕར་གཉིས་ནས་ཕྱི་ནང་གསར་འགོད་པ་བཅུ་གྲངས་བརྒལ་བ་འདུ་འཛོམས་བྱུང་བ་རྣམས་ལ་ཐེངས་འདིའི་འོས་བསྡུ་དང་འབྲེལ་བའི་གསར་འགོད་གསལ་བསྒྲགས་ཤིག་སྤེལ་ཡོད། སྐབས་དེར་དབུས་འོས་བསྡུ་ལས་ཁང་གི་སྤྱི་ཁྱབ་འགན་འཛིན་མཆོག་གིས་གསུང་དོན། དེ་རིང་བཙན་བྱོལ་ནང་ཡོད་པའི་བོད་མི་རྣམས་ཀྱིས་བཀའ་ཁྲི་སྐབས་གསུམ་པ་དང་སྤྱི་འཐུས་སྐབས་ ༡༥ པའི་དངོས་གཞིའི་འོས་ཤོག་འཕེན་ཡོད། ཐེངས་འདིའི་འོས་ཤོག་འཕེན་སྐབས་ང་ཚོར་དཀའ་ངལ་གང་ཡང་འཕྲད་མ་སོང། རྡ་ས་ས་གནས་འོས་བསྡུ་འགན་འཛིན་གྱིས་འོས་བསྡུའི་ཁྱབ་ཁོངས་འོས་བསྡུའི་ས་ཚིགས་བཅུ་གྲངས་ཤིག་གོ་སྒྲིག་བྱས་ཡོད་པ་དེ་དག་ཚང་མར་འོས་བསྡུའི་ལས་རིམ་ཚགས་ཚུད་ཐོག་ཕྱིན་ཡོད། དེ་རིང་འོས་ཤོག་འཕེན་ས་གང་དུ་ཕྱིན་ཡང་འོས་འཕེན་མཁན་མི་མང་རྣམས་ཀྱི་རུ་བསྟར་ཧ་ཅང་རིང་པོ་བསྒྲིགས་ནས་ཕེབས་འདུག་པ་དེ་ལ་བལྟས་ན་མི་མང་ཚོས་དོ་སྣང་ཆེན་པོའི་ཐོག་ནས་ཆ་ཤས་ལེན་བཞིན་པའི་ཚོར་སྣང་བྱུང། དེ་བཞིན་ས་གནས་གཞན་ལའང་འོས་བསྡུ་དང་འབྲེལ་བའི་རྙོག་གྲའི་རིགས་གང་ཡང་མེད་པར་ཞི་བདེའི་ཐོག་བྱུང་ཡོད། ཅེས་སོགས་གསུངས། ཡང་དབུས་འོས་བསྡུའི་འགན་འཛིན་མཆོག་གིས་བལ་ཡུལ་ནང་གི་འོས་བསྡུའི་ལས་རིམ་ཐོག་གསུང་དོན། ང་ཚོའི་ངོས་ནས་བལ་ཡུལ་ནང་ཡོད་པའི་བཙན་བྱོལ་བོད་མི་ཚོར་བལ་ཡུལ་གཞུང་ལ་འོས་ཤོག་འཕེན་རྒྱུའི་ཆོག་མཆན་ཞུ་རོགས་ཞེས་འབོད་སྐུལ་བྱས་པ་ཡིན། བལ་ཡུལ་ནང་འོས་བསྡུའི་ལས་རིམ་ཡག་པོ་བྱུང་ཡོད་པའི་རེ་བ་བྱེད་ཀྱི་ཡོད། ཅེས་གསུངས་ཡོད། དེ་བཞིན་ཁོང་གིས་ས་གནས་འོས་བསྡུའི་འགན་འཛིན་རྣམ་པས་འོས་གྲངས་ཞིབ་བཤེར་བྱས་ཏེ་དབུས་འོས་བསྡུ་ལས་ཁང་དུ་ཕྱི་ཟླ་ ༤ ཚེས་ ༡༥ གོང་འབྱོར་གནང་དགོས་པ་དང། དེ་རྗེས་དབུས་འོས་བསྡུ་ལས་ཁང་ནས་འོས་གྲངས་ཡོངས་རྫོགས་ཕྱོགས་བསྡོམས་བྱས་ཏེ་ཕྱི་ཟླ་ ༤ ཚེས་ ༢༧ ཉིན་དངོས་གཞིའི་འོས་བསྡུ་གསལ་བསྒྲགས་བྱེད་རྒྱུ་ཡིན་ཞེས་གསུངས་ཡོད། སྤྱིར་འཛམ་གླིང་ཁྱོན་ཡོངས་སུ་གནས་པའི་བཙན་བྱོལ་བོད་མིའི་ས་གནས་ཁག་ཏུ་འོས་བསྡུའི་ས་ཚིགས་ ༥༦ དང་མཐོ་སློབ་ས་གནས་ ༥ ཁྱོན་བསྡོམས་ས་གནས་ ༦༡ ཡོད་པ་དང། བཙན་བྱོལ་བོད་མིའི་དངོས་གཞིའི་འོས་བསྡུ་འདིར་དེབ་སྐྱེལ་བྱེད་མཁན་འཕར་མ་ ༤༢༨༨ བྱུང་སྟེ་ཁྱོན་བསྡོམས་མི་གྲངས་ ༨༣༣༩༩ ཡིས་འོས་ཤོག་འཕེན་རྒྱུར་དེབ་སྐྱེལ་བྱས་ཡོད། བཙན་བྱོལ་བོད་མིའི་བཀའ་ཁྲི་སྐབས་གསུམ་པ་དང་། སྤྱི་འཐུས་སྐབས་བཅོ་ལྔ་པའི་དངོས་གཞིའི་འོས་བསྡུ་ཆེན་མོ་མཇུག་སྒྲིལ་བའི་གསལ་བསྒྲགས་གནང་རྗེས་ཕྱི་རྒྱལ་གསར་འགོད་པའི་དྲི་བར་ལན་འདེབས་གནང་ཡོད་པ་བཅས།།