༢༠༡༡ ཟླ་ ༡ ཚེས་ ༣ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༠ ཟླ་ ༡༢ ཚེས་ ༣༠ ཉིན་བོད་ཀྱི་གྲོས་ཚོགས་དང་སྲིད་བྱུས་ཉམས་ཞིབ་ཁང་གིས་གོ་སྒྲིག་ཐོག་བཙན་བྱོལ་བོད་མིའི་མང་གཙོ་དང་བོད་ནང་གི་གནས་སྟངས་སྐོར་འཛིན་རིམ་བཅུ་གཅིག་གི་སློབ་ཕྲུག་ཁག་གཅིག་ལ་ངོ་སྤྲོད་ཀྱི་ཟབ་སྦྱོང་ཐེངས་བདུན་པའི་ཉིན་བཞི་པའི་སྐབས་བཀའ་ཁྲི་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་གིས། དེང་གི་སློབ་གཉེར་མ་འོངས་པའི་སོན་རྩ་། ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་གནང་ཡོད། དེ་ཉིན་སྔ་དྲོ་རྡ་ཤོོད་བོད་ཁྱིམ་ཚོགས་ཁང་དུ་ཆུ་ཚོད་ ༩ ཐོག་བཀའ་ཁྲི་མཆོག་གིས་གསུང་བཤད་གནང་དོན། དེ་རིང་འདིར་ཟབ་སྦྱོང་དུ་ཕེབས་པའི་སློབ་གྲྭ་ཁག་མང་པོའི་སློབ་གཉེར་བ་རྣམ་པ་དང་། ཚོགས་འདུ་གཙོ་སྐྱོང་གནང་མཁན་ཡོངས་དངོས་སུ་ཐུག་སྟེ་བཀའ་མོལ་ཞུ་རྒྱུའི་གོ་སྐབས་བྱུང་བར་བཙན་བྱོལ་བོད་གཞུང་བཀའ་ཤག་དང་ང་རང་སྒེར་ངོས་ནས་འཚམས་འདྲི་ཞུ་གི་ཡོད། ད་རེས་ཀྱི་བརྗོད་གཞི་དེང་གི་སློབ་གཉེར་བ། མ་འོངས་བོད་ཀྱི་སོན་རྩ་ཞེས་པ་འདི་ཧོབ་སྟེ་བལྟས་ན། གོ་བ་མ་ལོན་པ་དང་འགྲེལ་བཤད་རྒྱག་རྒྱུ་མེད། དེང་གི་སློབ་གཉེར་བ་ནི་ཁྱེད་རང་ཚོ་གཙོ་བོ་གྱུར་པའི་ད་ལྟ་སློབ་གྲྭ་འགྲིམས་བཞིན་པའི་བོད་རིགས་ན་གཞོན་ཚོར་བརྗོད་ཀྱི་ཡོད། སློབ་གཉེར་ཞེས་པའི་ཚིག་གཉིས་འདི་དོན་དག་གཏིང་ཟབ་ཡོད་པ་ཞིག་རེད།
སློབ་གྲྭ་འགྲིམས་མཁན་ཡིན་ན་སློབ་གཉེར་བ་ཡིན་པའི་ཁྱབ་པ་ཡོད་ཀྱང་། དེ་རིང་སང་སློབ་གྲྭ་འགྲིམས་མཁན་ཡིན་པར་སློབ་གཉེར་མི་བྱེད་མཁན་ཡོད་སྲིད་པ་རེད། ཁྱེད་རང་ཚོ་སོ་སོས་རང་ཉིད་སློབ་གཉེར་བ་རེད་དམ་ཞིབ་འཇུག་གནང་དགོས་རྒྱུ་ཞིག་རེད། ཅེས་སོགས་དང་། ཡང་བཀའ་ཁྲི་མཆོག་གིས་དབྱིན་ཇིའི་སློབ་གསོ་བརྒྱུད་རྒྱ་གར་ལ་དབང་སྒྱུར་བྱས་པའི་དཔེ་དང་བཅས་གསུང་དོན། མ་འོངས་པར་བོད་པ་གཙང་མ་ཞིག་ཆགས་ས་རེད་དམ་མ་རེད། བོད་པ་གཙང་མ་ཞིག་བྱེད་དགོས་ཀྱི་ཡོད་མེད། དེ་ཚོ་ཚང་མ་སོ་སོས་བསམ་བློ་བཏང་སྟེ་ཐག་གཅོད་གནང་རྒྱུ་ཞིག་རེད། ཁྱེད་རང་ཚོ་འདིར་ཕེབས་པ་ཚང་མ་སློབ་གྲྭ་བ་ཡིན་པ་ཤ་སྟག་ཡིན་ཡང་སློབ་གཉེར་བ་ཞིག་ཡིན་དང་མིན་རང་གི་རང་ཞུ་དག་གཏོང་དགོས་པ་ཞིག་ཡིན། མ་འོངས་བོད་ཀྱི་སོན་རྩ་ཆགས་ཡོད་མེད་དེ་ཁྱེད་རང་ཚོའི་ཕྱག་ལ་ཡོད། མ་འོངས་བོད་པ་གཙང་མའི་སོན་རྩ་འོས་དང་མ་འོས་གནང་མིན་དེ་ཁྱེད་རང་ཚོའི་ཕྱག་ལ་ཡོད། དགེ་རྒན་དང་སློབ་ཚན་གྱིས་ཕན་ནུས་དང་ཤུགས་རྐྱེན་ཕྲན་བུ་ཞིག་ཕན་ཐོགས་ཁ་པོ་ཡིན། འོན་ཀྱང་གཙོ་བོ་ཁྱེད་རང་ཚོ་རང་གིས་བསམ་བློ་དང་ཀུན་སློང་འཁྱེར་སྟངས་ལ་རག་ལུས་ཡོད། མ་འོངས་བོད་ཀྱི་སོན་རྩ་འོས་པ་ཞིག་བྱས་ན་ད་ལྟ་ཁྱེད་རང་ཚོའི་མི་རབས་འདི་གལ་གནད་ཆེ་ཤོས་ཤིག་ཆགས་ཡོད། ད་ལྟ་བར་དུ་བོད་པའི་སྲོལ་རྒྱུན་གྱི་སྤྱི་ཚོགས་ནང་འཚར་ལོངས་བྱས་པའི་མི་དེ་དག་རྫོགས་མེད། ཁྱེད་རང་ཚོའི་མི་རབས་འཚར་ལོངས་བྱས་ཏེ་སྤྱི་ཚོགས་དང་མི་རིགས་འཛིན་སྐྱོང་བྱེད་པའི་སྐབས་ལ་ཕྱི་ལོ་ ༡༩༥༩ སྔོན་བོད་ཀྱི་སྤྱི་ཚོགས་རྙིང་པའི་ནང་བསྡད་མྱོང་མཁན་གྱི་མི་རབས་དེ་རྫོགས་འགྲོ་གི་རེད། ཁྱེད་རྣམས་རྗེས་མ་ཡོང་མཁན་གྱི་མི་རབས་བོད་པ་ཞིག་ཆགས་ཀྱི་རེད་དམ། ཡང་ན་འདྲེས་མ་ཞིག་ཆགས་ཀྱི་རེད། བོད་པ་མིན་པ་ཞིག་ཆགས་ཀྱི་ཡོད། དེ་དག་ཐག་ཆོད་རྒྱུའི་དུས་ཚོད་ཅིག་སླེབ་འགྲོ་གི་ཡོད། དེར་བརྟེན་ད་ལྟའི་སློབ་གཉེར་བ་དེ་དག་མ་འོངས་བོད་ཀྱི་སོན་རྩ་བྱས་ན། མ་འོངས་པའི་བོད་དེ་གནས་ཐུབ་རྒྱུ་ཞིག་རེད། ཁྱེད་རང་ཚོས་མ་འོངས་བོད་ཀྱི་སོན་རྩ་མ་བྱས་པ་ཡིན་ན་མ་འོངས་པའི་བོད་གནས་མི་ཐུབ་རྒྱུ་དེ་ཁྱེད་རང་ཚོའི་མི་རབས་ལ་ཏན་ཏན་ཐུག་ཡོད་པ་རེད་བསམ་གྱི་ཡོད། བོད་ཅེས་པ་དེ་ལུང་པ་གཅིག་དང་མི་རིགས་ཤིག་གི་སྐད་ཆ་མིན་པར་རིག་གནས་དང་སྤྱི་ཚོགས་ཀྱི་དཔལ་ཡོན་ཞིག་རེད། བོད་ཅེས་པ་དེ་སྤྱི་ཚོགས་ཀྱི་དཔལ་ཡོན་ཤོད་ཀྱི་ཡོད་མ་གཏོགས། མི་རིགས་བྱེ་བྲག་པ་གཅིག་དང་རྒྱལ་ཁབ་བྱེ་བྲག་པ་གཅིག་གི་སྐད་ཆ་མ་རེད། ཅེས་སོགས་ཀྱི་ད་ལྟའི་མི་རབས་འདི་ལ་བོད་ཀྱི་ཆབ་སྲིད་གནས་བབ་གསར་པ་ཞིག་མ་བྱུང་ནའང་། བོད་དེ་ས་ཡི་གོ་ལ་འདིའི་སྟེང་མ་བརླག་པར་གནས་ཐུབ་རྒྱུའི་གོ་སྐབས་ཡོད་པའི་གསུང་བཤད་གཟབ་རྒྱས་གནང་རྗེས་དུས་ཡུན་གང་མང་ཞིག་སློབ་ཕྲུག་ཚོར་དྲི་བ་དྲིས་ལན་གྱི་གོ་སྐབས་གནང་ཡོད་པ་བཅས།།