༢༠༡༠ ཟླ་ ༡༢ ཚེས་ ༡༤ རེས་གཟའ་མིག་དམར།
༅༅། །ཕྱི་ལོ་ ༢༠༡༠ ཟླ་ ༡༢ ཚེས་ ༡༠ ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ནོ་བེལ་ཞི་བདེའི་གཟེངས་རྟགས་ཕུལ་ནས་མི་ལོ་ ༢༡ འཁོར་བའི་དུས་སྟོན་གྱི་མཛད་སྒོ་ཨུ་རུ་སུའི་རྒྱལ་ས་མོ་སུ་ཀོར་ (Moscow) རྟེན་གཞི་བྱས་པའི་ཙོང་ཁ་པ་ནང་པའི་ཆོས་ཚོགས་ཀྱི་ཚོགས་ཁང་དུ་སྲུང་བརྩི་གཟབ་རྒྱས་ཞུས་ཡོད། དེ་ཡང་མཛད་སྒོའི་ཐོག་བོད་རིགས་དང། བྷུར་ཡ། ཁལ་མུཀ། ཐུ་ཝ་བཅས་ཀྱི་ནང་པའི་ཆོས་གྲོགས་མང་དག་ཅིག་མཉམ་ཞུགས་བྱས་ཡོད།
མཛད་སྒོ་དེའི་སྐབས་ཨུ་རུ་སུའི་རྒྱལ་ས་མོ་སུ་ཀོར་རྟེན་གཞི་བྱས་པའི་བོད་གཞུང་སྐུ་ཚབ་དོན་གཅོད་ངག་དབང་རབ་རྒྱལ་ལགས་ཀྱིས་གསུང་བཤད་གནང་དོན། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སྐུ་ངལ་འཛེམས་མེད་ཐོག་འཛམ་གླིང་ནང་དུ་ནང་གི་བསམ་བློའི་ཐོག་ནས་ཞི་བདེ་དང་འཚེ་བ་མེད་པ། ཆོས་ལུགས་ཕན་ཚུན་མཐུན་སྒྲིལ། ཀུན་ཁྱབ་འགན་འཁུར་བཅས་གོང་སྤེལ་གཏོང་རྒྱུར་ཐུགས་བརྩོན་མཛད་བཞིན་ཡོད། ༸གོང་ས་མཆོག་གིས་འཛམ་གླིང་གི་གླིང་ཆེན་ཚང་མའི་ནང་ཆིབས་སྒྱུར་བསྐྱངས་ཡོད་པ་མ་ཟད། མགོན་པོ་གང་ཉིད་མཆོག་ཆིབས་སྒྱུར་བསྐྱངས་ཡུལ་ས་གནས་གང་དུ་ཡིན་རུང་གང་ཉིད་མཆོག་གི་སྐུ༜་ཚེའི་མཛད་འགན་གཙོ་བོ་འགྲོ་བ་མིའི་རིན་ཐང་གོང་མཐོར་གཏོང་ཐབས་དང་ཆོས་ལུགས་མཐུན་སྒྲིལ། བོད་ཀྱི་གནད་དོན་སེལ་རྒྱུ་བཅས་ཀྱི་མཛད་ཁུར་ཐོག་ཐུགས་བརྩོན་མཛད་བཞིན་ཡོད།
དེ་རིང་གི་དུས་སྟོན་སྲུང་བརྩི་ཞུ་རྒྱུའི་ཐབས་ལམ་བཟང་ཤོས་དེ་བསམ་པ་རྣམ་དག་གིས་༸གོང་ས་མཆོག་སྐུ་ཚེ་༸ཞབས་པད་བསྐལ་བརྒྱར་བརྟན་ཅིང་ཐུགས་ཀྱི་བཞེད་དགོངས་བཟང་པོ་མཐའ་དག་ལྷུན་གྱིས་འགྲུབ་པའི་གསོལ་བ་སྨོན་ལམ་རྒྱག་རྒྱུ་དེ་ཡིན་ཞེས་སོགས་ཀྱི་གསུང་བཤད་གནང་གྲུབ་རྗེས། འབྲས་སྤུངས་སྒོ་མང་གི་གྲྭ་ཟུར་ངག་དབང་རིག་ལམ་ལགས་ཀྱིས་སྨོན་ལམ་གསུང་འདོན་གནང་།
དེ་རྗེས། ང་ནང་པའི་དགེ་སློང་ཞིག་ཡིན། (I am a Buddhist Monk) ཞེས་པའི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཛད་རྣམ་དང་འབྲེལ་བའི་དངོས་བྱུང་གློག་བརྙན་ཞིག་བསྟན་ཡོད་པ་མ་ཟད། མགོན་པོ་གང་ཉིད་མཆོག་སྐུ་གཞོན་ནུའི་དུས་ནས་ད་བར་གྱི་མཛད་རྣམ་དང་འབྲེལ་བའི་སྐུ་པར་མཐོང་གྲོལ་རིན་པོ་ཆེ་འགྲེམས་སྟོན་ཞུས་ཡོད། དེ་བཞིན་ཨུ་རུ་སུ་ནང་པའི་ན་གཞོན་གཉིས་དང་ཐུ་ཝ་ནས་ཡིན་པའི་བུ་མེད་བཅས་ཁོང་གསུམ་གྱིས་བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་ལ་བརྩམས་པའི་བསྟོད་ཚིག་གླུར་བླངས། དེ་བཞིན་ཨུ་རུ་སུའི་རྒྱལ་ས་མོ་སི་ཀོར་རྟེན་གཞི་བྱས་པའི་(Tibetan Culture and Information Center)ཞེས་པའི་ཆོས་ཚོགས་ཀྱི་ནང་ཆོས་སློབ་འཁྲིད་གནང་མཁན་སེར་བྱེས་ཧར་གདོང་ཁང་ཚན་གྱི་དགེ་བཤེས་ངག་དབང་ཐུགས་རྗེ་ལགས་དང་ནང་ཆོས་སློབ་མ་ཁག་གཅིག་གིས་ཨུ་རུ་སུའི་རྒྱལ་སའི་ནང་རྟེན་གཞི་བྱས་པའི་ཨོ་པེན་སེན་ཊར་ཞེས་པའི་ཚོགས་ཁང་ཆེན་མོའི་ནང་༸གོང་ས་མཆོག་སྐུ་ཚེ་བསྐལ་བརྒྱར་བརྟན་པའི་སྨོན་ལམ་གསུང་འདོན་གནང་སྟེ་དུས་སྟོན་གྱི་མཛད་སྒོ་སྲུང་བརྩི་ཞུས་པ་མ་ཟད།
བྷུར་ཡ་སྤྱི་མཐུན་རྒྱལ་ཁབ་ཀྱི་(Buryat Republic) རྒྱལ་ས་༜ཨུ་ལན་༜ཨུ་ཌེའི་ནང་ཨ་ནི་བསྟན་འཛིན་ཆོས་སྒྲོན་ནམ་ལྕམ་(Dr.Irina Urbanaeva)ལགས་ཀྱིས་སྣེ་ཁྲིད་དེ་སྒྲོལ་ལྗང་ཆོས་ཚོགས་དང་བྷུར་ཡ་བོད་ཀྱི་གྲོགས་པོའི་གོ་སྒྲིག་འོག་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ནོ་བེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་ཀྱི་དུས་དྲན་མཛད་སྒོ་སྲུང་བརྩི་ཞུས་ཡོད་པ་བཅས།།
ཨུ་རུ་སུའི་རྒྱལ་ས་མོ་སུ་ཀོའི་ནང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ནོ་བེལ་ཞི་བདེའི་གཟེངས་རྟགས་ཕུལ་བའི་དུས་སྟོན་གྱི་མཛད་སྒོ་སྲུང་བརྩི་ཞུས་པ།
གསར་གནས།
འབྲེལ་གནས།