༢༠༡༠ ཟླ་ ༡༢ ཚེས་ ༢༡ རེས་གཟའ་མིག་དམར།
༄༅། །འདི་གར་བོད་ཡིག་ཚན་པའི་སྤྱི་ཁྱབ་རྩོམ་སྒྲིག་པས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༠ ཕྱི་ཟླ་ ༡༢ ཚེས་ ༢༠ ཉིན་གྱི་སྔ་དྲོར་༸གོང་ས་མཆོག་འབྲས་ལྗོངས་མངའ་སྡེའི་རྒྱལ་ས་སྒང་ཏོག་ཏུ་རྟེན་གཞི་བྱས་པའི་འབྲས་ལྗོངས་ཆོས་རྒྱལ་ཕོ་བྲང་གི་ཐེབས་རྩའི་འོག་ཡོད་པའི་གཙུག་ལག་ཁང་དུ་ཆིབས་སྒྱུར་གྱི་གནས་གཟིགས་མཛད་དེ་བཞུགས་ཁྲི་རིན་པོ་ཆེར་༸ཞབས་སོར་འཁོད་མཚམས་མཎྜལ་རྟེན་གསུམ་འདེགས་འབུལ་ཞུས། སྐབས་དེར་༸གོང་ས་མཆོག་གིས་གཙུག་ལག་ཁང་དེར་དགེ་འདུན་པ་ག་ཚོད་ཡོད་མེད་དང་། སློབ་གཉེར་ཇི་ལྟར་བྱེད་ཀྱི་ཡོད་སྐོར་བཀའ་རྩ་ཕེབས་པར་གཙུག་ལག་ཁང་དེར་དགེ་འདུན་པ་གྲངས་ ༨༠ ཙམ་ཡོད་པ་དང། དགེ་འདུན་པ་རྣམས་ཀྱིས་བསླབ་པ་སློབ་གཉེར་ཇི་ལྟར་བྱེད་ཚུལ་བཀའ་ལན་ཕུལ།
སྤྱིར་དགོན་དེ་ནི་༸གོང་ས་མཆོག་ཕྱི་ལོ་ ༡༩༥༦ ལོར་རྒྱ་གར་གནས་གཟིགས་དང་སྟོན་པའི་རྗེས་དྲན་དུ་ཆིབས་སྒྱུར་སྐྱོང་སྐབས་ཚུར་ལམ་ཉིན་གཅིག་རིང་བཞུགས་ཞག་མཛད་ས་དང་དེ་ནས་ཕྱིར་བོད་ལ་ཆིབས་སྒྱུར་སྐྱོང་སྐབས་དགོན་དེར་བདུན་གཉིས་རིང་བཞུགས་ཞག་མཛད།
སྐབས་དེར་བོད་གཞུང་གི་བཀའ་བློན་དང་ལས་སྣེ་རྣམས་ཀྱི་ལྷན་མགོན་པོ་གང་ཉིད་མཆོག་བོད་ལ་ཕྱིར་ལོག་ཕེབས་དང་ཡང་ན་རྒྱ་གར་དུ་བཞུགས་རྒྱུའི་གནད་དོན་ཐོག་བཀའ་མོལ་ལྷུག་པར་མཛད་ས་དེ་ཡིན་པ་དང་མ་ཟད། གནད་དོན་དེ་གྲོས་ཐག་མ་ཆོད་པར་མཐར་གནས་ཆུང་དང་དགའ་གདོང་གཉིས་ལ་ལྷ་ལུང་དང་ཟན་བརྟགས་བཅས་བསྒྲིལ་གནང་གི་མཐར་བོད་ལ་ཕྱིར་ཆིབས་སྒྱུར་བསྐྱང་རྒྱུའི་ཐུག་ཐག་གཅོད་གནང་སའི་གཙུག་ལག་ཁང་དེ་ཡིན་འདུག
དགོན་དེའི་གནས་གཟིགས་སོགས་གྲུབ་བསྟུན་ཆོས་རྒྱལ་གྱི་གཟིམ་ཆུང་དུ་ཆིབས་སྒྱུར་བསྐྱངས་ཏེ་སྐུའི་གཉེན་འཁོར་རྣམས་ལ་མཇལ་ཁ་དང་བཀའ་སློབ་ལམ་སྟོན་ཇི་ལྟར་མས་བུ་ལ་བརྩེ་བ་ལྟར་མཛད་གྲུབ་རྗེས་རྣམ་རྒྱལ་བོད་ཀྱི་ཤེས་རིག་ཉམས་ཞིབ་ཁང་ནས་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར་འབྲས་ལྗོངས་ནང་སྲིད་ལས་ཁུངས་ཀྱི་ཅིན་ཏང་ཚོགས་ཁང་ལ་ཆིབས་སྒྱུར་བསྐྱངས། ཚོགས་ཁང་དེར་ཕྱི་ནང་གི་མཁས་དབང་ཁག་དང་འབྲས་ལྗོངས་མངའ་གཞུང་གི་བློན་ཆེན། གྲོས་ཚོགས་འཐུས་མི། འཛིན་སྐྱོང་གི་འགོ་ཁྲིད། དེ་བཞིན་སྐུ་མགྲོན་སོགས་མི་གྲངས་ ༦༠༠ བརྒལ་བ་ལྷན་འཛོམས་སར་སྔ་དྲོའི་ཆུ་ཚོད་ ༡༠།༣༠ ཐོག་འབྲས་ལྗོངས་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ཌོག་ཌར་པ་ཝང་ཀུ་མར་ཅམ་གླིང་མཆོག་དང་སྲིད་སྐྱོང་མཆོག་གི་ལྷན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་༸ཞབས་སོར་བདེ་བར་འཁོད་དེ་ཚོགས་འདུར་དབུ་བཞུགས་མཛད་ཡོད།
ཐེངས་འདིའི་ཚན་རིག་པའི་ལྷན་དུ་བགྲོ་གླེང་དེའི་བརྗོད་གཞི་ནི་ནང་སེམས་ཀྱི་ལྟ་གྲུབ་དང་དེང་དུས་ཚན་རིག་གཉིས་དབར་སྤྱི་ལ་སྨན་པའི་འབྲེལ་ལམ་ཇི་ཡོད་སྐོར་གྱི་བརྗོད་གཞིའི་ཐོག་རྒྱལ་ཡོངས་ཕྱི་ནང་མཁས་པའི་བགྲོ་གླེངས་ཚོགས་ཆེན་ཕྱི་
ལོ་ ༢༠༡༠ ཟླ་ ༡༢ ཚེས་ ༢༠ ནས་ ༢༣ བར་ཚོགས་རྒྱུའི་དབུ་འཛུགས་ཀྱི་སྐུ་མགྲོན་གཙོ་བོ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མར་མེ་ཞལ་ཕྱེ་མཛད། དེ་རྗེས་དགེ་འདུན་བརྒྱད་གྲྭས་ལྷན་ཚོགས་དེ་ལེགས་འགྲུབ་ཡོང་བའི་བཀྲ་ཤིས་སྨོན་ལམ་གསུངས་། དེ་ནས་འབྲས་ལྗོངས་གཞུང་གི་དྲུང་ཆེ་ཆེན་མོ་རྡོ་རྗེ་ལགས་ནས་༸གོང་ས་མཆོག་ལ་འཚམས་ཞུ་དང་སྦྲགས་ཕེབས་བསུའི་གསུང་བཤད་གནང་། དེ་ནས་ཕྱི་རྒྱལ་གྱི་ཚན་རིག་མཁས་དབང་སྐུ་ཞབས་བི་ཨ་ལེན་ཝལ་ལེ་སི་(Prof.B. Alan Wallace)དང་རི་ཆར་ཌ་ཇི་ཌ་ཝི་ཌི་སོན་ (Prof.Richard J. Davidson) རྣམ་གཉིས་ནས་རིམ་པས་པར་གྱི་ལམ་ནས་ནང་ཆོས་དང་ཚན་རིག་གི་ལམ་ནས་སེམས་དང་སྲོག་ལ་ངོས་འཛིན་ཇི་ལྟར་བྱེད་ཀྱི་ཡོད་སྐོར་དང་ཡུན་རིང་ཉམས་ཞིབ་བྱས་པའི་ཀླད་པའི་བྱེད་ལས་སོགས་ཀྱི་སྐོར་སྙན་སྒྲོན་ཞུས་ཡོད། དེ་རྗེས་འབྲས་ལྗོངས་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ཌོག་ཌར་པ་ཝང་ཀུ་མར་ཅམ་གླིང་མཆོག་གིས་གསུང་བཤད་གནང་བའི་ནང་། བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་གིས་ལྷན་ཚོགས་འདི་ལྟ་བུར་ཆིབས་སྒྱུར་བཀའ་དྲིན་སྐྱོང་རྒྱུའི་ཞལ་བཞེས་བཟང་པོ་ཐོབ་པར་ཧ་ཅང་དགའ་པོ་བྱུང་།
དེ་བཞིན་ཉིན་ཤས་གོང་ནས་༸གོང་ས་ཏཱ་བླའི་བླ་མ་མཆོག་གིས་འབྲས་ལྗོངས་མི་མང་ལ་བཀའ་སློབ་སྩལ་ཡོད་པ་མ་ཟད། དེ་རིང་ལྷན་ཚོགས་འདི་ལྟ་བུར་ཆིབས་སྒྱུར་བསྐྱངས་པ་འདིས་ང་ཚོར་གཟི་བརྗིད་ཐོབ་པ་བྱུང་། ཞེས་སོགས་ཀྱི་གསུང་བཤད་གནང་རྗེས་འབྲས་ལྗོངས་གཞུང་གི་སྲིད་སྐྱོང་མཆོག་ནས་ཀྱང་གསུང་བཤད་གནང་། དེ་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་བཀའ་དྲིན་ཆེ་བ་ཕེབས་དོན། དེ་རིང་ངོས་རང་འདི་ག་སྦས་ཡུལ་འབྲས་མོའི་ལྗོངས་སུ་རྣམ་རྒྱལ་བོད་ཀྱི་ཤེས་རིག་ཉམས་ཞིབ་ཁང་གིས་གོ་སྒྲིག་འོག་ཚན་རིག་པ་ལྷན་དུ་བགྲོ་གླེང་བྱེད་རྒྱུ་འདི་བྱུང་བ་རེད། ལྷན་ཚོགས་འདིར་སྲིད་སྐྱོང་མཆོག་ཕེབས་ཡོད་པ་མ་ཟད། གཙོ་བཞུགས་བློན་ཆེན་མཆོག་ཀྱང་ཕེབས་ཡོད། དེ་བཞིན་ཁྱེད་རང་ཚོ་འབྲས་ལྗོངས་གཞུང་གི་ཕྱག་ལས་གནང་མཁན་དང། མཁས་དབང་མང་པོ་ཞིག་ཕེབས་འདུག་པར་ཚང་མར་ངོས་ཀྱིས་འཚམས་འདྲི་དང་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན། ངོས་རང་ས་གནས་འདིར་ཡོང་རྒྱུ་བྱུང་བར་ཧ་ཅང་དགའ་པོ་བྱུང་། ཕྱི་ལོ་ ༡༩༥༦ ལོར་སྟོན་པ་མྱ་ངན་ལས་འདས་ཏེ་ལོ་ ༢༥༠༠ འཁོར་བའི་དུས་དྲན་སྐབས་ངོས་རང་འབྲས་ལྗོངས་བརྒྱུད་ཡོང་སྐབས་ས་གནས་སྒང་ཏོག་ཏུ་འབྱོར་བ་རེད། དེ་བཞིན་ངོས་རང་ལྷ་སར་ཡོད་སྐབས་ནས་སེམས་ནང་འབྲས་ལྗོངས་འདི་ཧ་ཅང་ཉེ་པོ་ཡོད་པ་ཞིག་ཡིན། ངོས་རང་ཨ་མདོ་ལུང་པར་སྐྱེས་ཏེ་ལོ་གསུམ་རིང་དེར་བསྡད་པ་རེད། དེ་ནས་ལྷ་སར་འབྱོར་བར་སོང་འབྲས་ལྗོངས་ནི་ཧ་ཅང་སེམས་ཉེ་པོ་ཡོད་པ་ཞིག་ཡིན། འདི་ཕྱོགས་ཡར་རྒྱས་ཆེན་པོ་བྱུང་འདུག་པར་ངོས་རང་ཧ་ཅང་དགའ་པོ་བྱུང་། བར་ལམ་ལོ་ངོ་སུམ་ཅུ་ཙམ་གྱི་རིང་ལ་ནང་ཆོས་དང་ཚན་རིག་དབར་བགྲོ་གླེང་བྱས་ཡོད། ངོས་རང་བྱིས་པའི་དུས་ནས་ཚན་རིག་དང་འཕྲུལ་ཆས་ཀྱི་རིགས་ལ་ཧ་ཅང་དོ་དབྱིངས་ཆེན་པོ་ཡོད་པ་ཞིག་ཡིན། དེ་བཞིན་དེང་རབས་ཀྱི་ཚན་རིག་པའི་ལྷན་དུ་བགྲོ་གླེང་འཚོགས་རྒྱུ་དེ་ནི་ཕན་ཚུན་བློ་སྐྱེད་ཐོབ་རྒྱུར་ཕན་ཐོགས་ཆེན་པོ་བྱུང་ཡོད། འདིར་ཚོགས་བཞིན་པའི་བགྲོ་གླེང་འདི་ལྟར་ང་ཚོ་བོད་མིའི་དགོན་སྡེ་ཁག་ནས་དགེ་འདུན་པ་ཁག་གཅིག་བསྡུས་ཏེ་ཚན་རིག་སློབ་སྦྱོང་བྱེད་བཞིན་ཡོད། ང་ཚོས་བོད་ཡིག་ཐོག་ཚན་རིག་སྐོར་བསྒྱུར་ཏེ་སློབ་དེབ་ཅིག་ཀྱང་པར་སྐྲུན་བྱས་ཟིན་ཡོད་ཅེས་བཀའ་སྩལ་བ་དང།
ཡང་༸གོང་ས་མཆོག་གིས་བཀའ་སློབ་ཕེབས་དོན། ལོ་བཞི་བཅུའི་གོང་ལ་ཨ་རི་བ་ནང་པའི་གྲོགས་པོ་ཁག་གཅིག་གིས་དེང་རབས་ཀྱི་ཚན་རིག་པའི་ལྷན་དུ་བགྲོ་གླེང་དང་གྲོས་བསྡུར་བྱེད་སྐབས་གཟབ་གཟབ་བྱེད་དགོས་པ་ཡིན། ཚན་རིག་ནི་ཆོས་ལུགས་གཏོར་རྐྱེན་བཟོ་མཁན་གཙོ་བོ་དེ་རེད། ཅེས་བརྗོད་བྱུང་བར་ངོས་ཀྱི་བསམ་བློ་ཡང་ཡང་གཏོང་སྐབས་ནང་ཆོས་ནི་ཀླུ་སྒྲུབ་ཡབ་སྲས་སོགས་ནཱ་ལེན་དྲའི་མཁས་དབང་རྣམས་ཀྱིས་བརྟག་ཅིང་དཔྱད་པའི་ཐོག་ནས་གནད་དོན་དངོས་གང་ཡིན་གཏན་ལ་ཕབ་པ་གཅིག་རེད།
དེ་བཞིན་བཅོམ་ལྡན་འདས་སྐུ་ངོ་མས་བརྟག་ཅིང་དཔྱད་པའི་ཐོག་ནས་གཏན་ལ་ཕབ་པའི་རིག་པའི་གཞུང་ལུགས་ཤིག་ཡིན་པས་གུས་པ་བྱེད་དགོས་སོགས་ཚན་རིག་དང་ནང་ཆོས། དེ་བཞིན་ཆབ་སྲིད་སོགས་ཀྱི་སྐོར་ལ་བཀའ་སློབ་ཟབ་རྒྱས་སྩལ་ཡོད་པར་དེར་འདུས་བློན་ཆེན་རྣམས་དང་མཁས་དབང་། ལས་བྱེད། མིང་དམངས་རྣམས་ཧ་ཅང་བློ་ཡིད་ཚིམ་པ་དང་དགའ་དད་སྤྲོ་གསུམ་ངང་ནས་དགའ་བསུའི་ཐལ་མོ་ཡང་ཡང་བརྡབས་པ་སོགས་བྱུང་ཡོད། དེ་རྗེས་འབྲས་ལྗོངས་མངའ་གཞུང་གི་དྲུང་འཕར་ནས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་སྟེ་སྔ་དྲོའི་ཚོགས་ཐུན་གྲོལ་བ་དང་སྦྲགས་༸གོང་ས་མཆོག་འབྲས་གཞུང་གི་བཞུགས་གནས་མགྲོན་ཁང་ལ་ཆིབས་ཞལ་བསྒྱུར།
ཕྱེད་ཡོལ་ཆུ་ཚོད་ ༢།༣༠ ཐོག་སྒང་ཏོག་ཅན་ཌི་མ་རིར་རྟེན་གཞི་བྱས་པའི་སེར་བྱེས་འགྲོ་ཕན་གླིང་གིས་སྔོན་ནས་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར་ཆིབས་སྒྱུར་སྐྱོང་སྐབས་དགོན་དེའི་དགེ་འདུན་པ་རྣམས་ཀྱིས་དུང་རྒྱ་སྤོས་སྣེས་གདན་ཞུས་ཀྱི་བཞུགས་ཁྲི་རིན་པོ་ཆེར་༸ཞབས་སོར་འཁོད་རྗེས་རྟེན་འབྲེལ་གྲོ་མ་འབྲས་སིལ་དང་གསོལ་ཇ་འདེགས་འབུལ་ཞུས།
དེ་ནས་དགོན་དེའི་དབུ་བྱེད་ནས་མཎྜལ་རྟེན་གསུམ་འདེགས་འབུལ་ཞུས་གྲུབ་མཚམས་དགོན་དེས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དགོངས་ལྟར་སེར་སྐྱ་མི་མང་རྣམས་ལ་ནང་ཆོས་ངོ་སྤྲོད་དང་ཆོས་ཀྱི་བགྲོ་གླེང་ཞུ་བཞིན་པ་མ་ཟད། འབྱུང་འགྱུར་ལས་ཞོར་སློབ་གྲྭ་འཛུགས་འཆར་ཡོད་པ་སོགས་ཀྱི་ལས་བསྡོམས་སྙན་སྒྲོན་ཞུས། དེ་རྗེས་༸གོང་ས་མཆོག་གིས་བཀའ་སློབ་ཕེབས་དོན། ངོས་རང་སྔོན་མ་འདིར་ཐེངས་གཅིག་ཡོང་སྟེ་ང་ཚོ་སྐད་ཆ་བྱུང་བ་བཞིན་ཁྱེད་ཚོས་ལས་བསྡོམས་ནང་ཤེས་ཡོན་དང་དེ་བཞིན་སངས་རྒྱས་ཀྱི་ཆོས་ངོ་སྤྲོད་བྱེད་རྒྱུ་དེ་དག་ཧ་ཅང་ཡག་པོ་བྱུང་འདུག ཁྱེད་ཚོས་ད་བར་ཧུར་བརྩོན་ཆེན་པོས་དཀའ་ལས་བརྒྱབ་པར་ཐུགས་རྗེ་ཆེ་ཟེར་རྒྱུ་ཡིན། ཞེས་བཀའ་ཕེབས་རྗེས་འབྱུང་འགྱུར་དཔེ་འཁྲིད་གང་དང་གང་བྱས་ནས་བཟང་བ་དང་བཤད་སྒྲུབ་གཉིས་ཀྱི་ཐོག་ནས་གནང་ན་ཕན་ཐོགས་ཆེན་པོ་ཡོད་པའི་སྐོར་བཀའ་སློབ་ཕེབས་ཡོད་པ་མ་ཟད། ཧི་མ་ལ་ཡའི་རི་རྒྱུད་སྐོར་ལ་བཀའ་སློབ་ཕེབས་དོན།
དེ་རིང་སང་བོད་ལ་རྒྱ་མིས་འཆར་གཞི་ལྡན་པའི་ཐོག་བོད་ཀྱི་རིག་གཞུང་ནག་སུབ་གཏོང་བའི་གནས་ཚུལ་ཞིག་ཡོང་གི་ཡོད་པའི་དུས་ཚོད་འདིར་ཧི་མ་ལ་ཡའི་རི་རྒྱུད་ནུབ་ལ་དྭགས་ནས་ཤར་མོན་བར་ཧ་ཅང་གལ་ཆེན་པོ་ཆགས་ཡོད། རྩ་བའི་བོད་ཀྱི་གནས་ཚུལ་ལ་ཏན་ཏན་འགྱུར་བ་འགྲོ་གི་རེད། གཞིས་བྱེས་བོད་མི་གནས་ཕྱིན་ཆད་ལ་བོད་ཀྱི་བདེན་དོན་གྱི་འཐབ་རྩོད་གནས་ཀྱི་རེད་མ་གཏོགས་ལས་སླ་པོར་མེད་པ་ཆགས་རྒྱུ་རྩ་བ་ནས་མིན། བོད་མི་ས་ཡ་དྲུག་ཤུལ་མེད་བཟོ་རྒྱུ་ཟེར་བ་དེ་ལས་སླ་པོ་རྩ་བ་ནས་མེད།
འོན་ཀྱང་གནས་ཚུལ་ཛ་དྲག་ཆགས་ཡོང་སྐབས་རྒྱུན་དུ་ངོས་ནས་རེ་བ་བཟང་ས་ནས་རྒྱག་དགོས་པ་དང་གྲ་སྒྲིག་སྡུག་ས་ནས་བྱེད་དགོས་ཞེས་པ་ལྟར་ང་ཚོས་གྲ་སྒྲིག་སྡུག་ས་ནས་བྱེད་དགོས་པ་ཡིན་དུས་ཧི་མ་ལ་ཡའི་རི་ཁུལ་འདི་དག་བོད་གངས་ཅན་གྱི་ལྗོངས་སུ་ཡོད་པའི་རིས་སུ་མ་ཆད་པའི་རྒྱལ་བའི་བསྟན་པ་ལུང་རྟོགས་ཀྱི་བདག་ཉིད་ཅན་འདི་བཤད་སྒྲུབ་གཉིས་ཀྱི་ཐོག་ནས་བསྟན་པ་འཛིན་སྐྱོང་ཡག་པོ་བྱེདདགོས། གལ་ཏེ་བོད་ནང་གནས་ཚུལ་དཀའ་ངལ་ཞིག་འཕྲད་ཚེ་མ་འོངས་པར་བསྟན་པའི་མེ་རོ་གསོལ་རྒྱུ་ཞིག་ཡོང་རྒྱུར་ཁྱེད་ཚོས་ཞབས་འདེགས་ཆེན་པོ་བསྒྲུབ་ཐུབ་ཀྱི་རེད། དེར་བརྟེན་ས་ཁུལ་འདི་དག་གལ་ཆེན་པོ་ཆགས་ཡོད་པས་ཁྱེད་ཚོས་ཧུར་ཐག་བྱེད་རོགས་ཞེས་སོགས་ཀྱི་བཀའ་སློབ་ཕེབས་ཡོད།
དེ་ནས་དགོན་དེའི་ཕྱིར་མི་མང་སྟོང་ཕྲག་བརྒལ་བས་༸གོང་ས་མཆོག་མཇལ་ཁར་བཅར་ཡོད་པ་རྣམས་ཀྱི་ཆེད་མགོན་པོ་གང་ཉིད་མཆོག་གིས་དགོན་དེའི་བར་འཁྱམས་སུ་ཆིབས་སྒྱུར་བསྐྱངས་ཏེ་མི་མང་རྣམས་ལ་བཀའ་སློབ་སྩལ་དོན། དེ་རེས་འབྲས་ལྗོངས་ལ་ཁྱུག་ཙམ་འབྱོར་བ་རེད། ཁ་སེང་པདྨ་ཡང་རྩེར་མཆོད་མཇལ་ཞིག་ཞུས་རྗེས་བྲག་དཀར་བཀྲ་ཤིས་སྡིངས་ཀྱི་གནས་དེར་ཉིན་གཉིས་དང་ཕྱེད་རིང་ངོས་ནས་ཐུན་ཞིག་བཟུང་ནས་བསྡད་པ་ཡིན། གང་ཡིན་ཞེ་ན།
སྔོན་མ་ངོས་རང་འདི་ཕྱོགས་ཐེངས་གཅིག་ཡོང་སྐབས་ར་བང་ལ་བོད་མིའི་གཞིས་ཆགས་སུ་ལྟ་སྐོར་བྱས་རྗེས་མགྲོན་ཁང་ཞིག་ཏུ་སྡོད་སྐབས་དེ་ནས་རི་ཆེན་པོ་ཞིག་གི་སྟེང་པདྨ་ཡང་རྩེ་དང་དེའི་གཤམ་དེར་རི་ཆུང་ཆུང་ཞིག་གི་སྟེང་དུ་བྲག་དཀར་བཀྲ་ཤིས་སྡིངས་རེད། ཅེས་ངོ་སྤྲོད་བྱེད་སྐབས་ངོས་ཀྱི་སེམས་ནང་ཚོར་བ་ཞིག་བསླེབས་བྱུང་། དེར་བརྟེན་རྗེས་སུ་བྲག་དཀར་བཀྲ་ཤིས་སྡིངས་ལ་གཅིག་ཕྱིན་པ་ཡིན། ད་རེས་འབྲས་ལྗོངས་སུ་ཡོང་རྒྱུ་གཏན་འཁེལ་མཚམས་ངོས་རང་བྲག་དཀར་བཀྲ་ཤིས་སྡིངས་ལ་གཅིག་འགྲོ་དགོས་ཀྱི་ཡོད། དེར་ཉིན་གཉིས་གསུམ་ཞིག་གཉེན་པ་ཆུང་ཆུང་ཞིག་ལ་བསྡད་ཐུབ་ན་ཞེས་བརྗོད་པ་ཡིན། འབྲེལ་ཡོད་ཚོས་ཟླ་བ་གཉིས་ནང་ཚུད་ལ་མཚམས་ཁང་ཞིག་བརྒྱབ་སྟེ་གྲ་སྒྲིག་ཡག་པོ་བྱས་འདུག ངོས་ནས་ཉིན་གཉིས་དང་ཕྱེད་ཀ་ཐུན་ཞིག་བཟུང་ནས་བསྡད་པས་ཡག་པོ་བྱུང་། དེ་ནས་ར་བང་ལ་དང་དེ་རིང་འདིར་འབྱོར་བ་རེད། ས་ཁུལ་ག་པར་ཕྱིན་ཡང་ཡུལ་པ་ཚོ་དང་བོད་རིགས་ཚོ་ཡིན་དང་ཡིན། དེ་བཞིན་ཡུལ་པ་པཱ་་རལ་ཚོས་དགའ་པོ་ཞེ་དྲག་བྱེད་ཀྱི་འདུག ཚང་མར་ཐུགས་རྗེ་ཆེ་ཟེར་རྒྱུ་ཡིན། དངོས་གནས་དད་པ་དང་དམ་ཚིག་གཡོ་བ་མེད་པའི་རྟགས་མཚན་གསལ་པོ་ཞེ་དྲག་རེད་འདུག་པས་ངོས་རང་དགའ་པོ་བྱུང་ལ་ཁྱེད་རང་ཚོ་ཡིན་ནའང་དགའ་པོ་ཡོང་གི་རེད། ཅེས་བཀའ་སློབ་ཕེབས་ཏེ་དགོན་བྱང་ཨོ་རྒྱན་མདོ་སྔགས་ཆོས་འཁོར་གླིང་དགོན་པར་ཆིབས་ཞལ་བསྒྱུར།
ཆུ་ཚོད་ ༣།༤༠ ཐོག་དགོན་བྱང་ཨོ་རྒྱན་མདོ་སྔགས་ཆོས་འཁོར་གླིང་དགོན་དུ་༸ཞབས་སོར་འཁོད་སྐབས་དགོན་དེའི་དགེ་འདུན་པ་ཚོས་དུང་རྒྱ་སྤོས་སྣེས་སྔོན་བསུས་ཏེ་གཙུག་ལག་ཁང་དུ་གདན་འདྲེན་ཞུས། དེ་ནས་༸གོང་ས་མཆོག་གིས་དགོན་དེར་གནས་གཟིགས་གྲུབ་སྟེ་བཞུགས་ཁྲི་རིན་པོ་ཆེར་འཁོད་མཚམས་རྟེན་འབྲེལ་གྲོ་མ་འབྲས་སིལ་དང་གསོལ་ཇ་འདེགས་འབུལ་ཞུས་ཤིང་དགོན་དེས་བཤད་སྒྲུབ་གཉིས་དང་སྤྱི་ཚོགས་ཞབས་ཞུ་སློབ་གཉེར་ཇི་ལྟར་བྱེད་ཀྱི་ཡོད་སྐོར། དེ་བཞིན་དགོན་དེ་གསར་བཞེངས་སོགས་ཀྱི་གནས་ཚུལ་མདོར་བསྡུས་སྙན་སྒྲོན་ཞུས། དེ་ནས་མཎྜལ་རྟེན་གསུམ་འདེགས་འབུལ་ཞུས་གྲུབ་རྗེས་༸གོང་ས་མཆོག་གི་ནང་པའི་དགོན་པ་ཚོས་སློབ་གཉེར་སྤུས་དག་བྱེད་དགོས་པའི་སྐོར་ལ་བཀའ་སློབ་ལམ་སྟོན་མཛད།