༢༠༡༠ ཟླ་ ༡༠ ཚེས་ ༡༤ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༡༠ ཟླ་ ༡༠ ཚེས་ ༡༤ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༥ ནས་ ༧།༣༠ བར་རྒྱ་གར་གྱི་ལུས་སྦྱོང་བ་སྙན་གྲགས་ཅན་སྐུ་ཞབས་སོ་མི་རཱམ་ཌེབ་མཆོག་གིས་རྡ་ས་ཀ་ཅཱ་རིའི་ཐང་ཆེན་དུ་རྒྱ་གར་ས་གནས་ཡུལ་མི་དང་བོད་པའི་དགེ་འདུན་པ་མི་ཉུང་བ་ཞིག རྡ་སའི་དཔེ་སྟོན་སློབ་གྲྭའི་སློབ་ཕྲུག་བཅས་ཁྱོན་མི་གྲངས་ ༡༥༠༠༠ ཙམ་ལ་རྒྱ་གར་གྱི་སྲོལ་རྒྱུན་(Patanjali Yog) ཞེས་པའི་ལུས་རྩལ་སློབ་སྟོན་གནང་ཡོད། དེ་ཡང་ལུས་རྩལ་སྦྱོང་བརྡར་གྱི་མཛད་སྒོ་དབུ་འཛུགས་མ་གནང་གོང་བཙན་བྱོལ་བོད་གཞུང་བཀའ་བློན་ཁྲི་པ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས་སྣང་གསལ་ཞལ་ཁ་ཕྱེ་གནང་བ་དང་སྦྲགས་སྐུ་ཞབས་སོ་མི་རཱམ་ཌེབ་མཆོག་ལ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་བོད་མི་ཡོངས་ཀྱིས་ཚབ་ཞུས་ཏེ་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཀྱི་གསུང་བཤད་གནང་། དེ་རྗེས་ལུས་རྩལ་སྦྱོང་བརྡར་དངོས་གཞི་འགོ་བཙུགས་གནང་ཡོད། ལུས་རྩལ་སྦྱོང་བརྡར་གྲུབ་བསྟུན་སྔ་དྲོ་ཆུ་ཚོད་ ༡༠།༣༠ ཙམ་ལ་བོད་གཞུང་ཆོས་རིག་ལས་ཁུངས་ཀྱིས་གོ་སྒྲིག་ཐོག་ས་ཝ་མི་རཱམ་ཌེབ་(Swami Ram Dev) ལགས་༸གོང་ས་མཆོག་གི་ཕོ་བྲང་དང་གཙུག་ལག་ཁང་དུ་གནས་གཟིགས་སུ་ཕེབས་ཡོད། སྐབས་དེར་བཀའ་བློན་ཁྲི་པ་ཟམ་གདོང་རིན་པོ་ཆེ་མཆོག་གི་གཙོས་ཆོས་རིག་བཀའ་བློན་ཚེ་རིང་ཕུན་ཚོགས་མཆོག་དང། རྡ་ས་ས་གནས་འགོ་འཛིན། རྒྱ་གར་གྱི་ས་ཝ་མི་རཱམ་ཌེབ། དེ་བཞིན་རྡ་སའི་ཁུལ་གྱི་དགོན་སྡེ་ཁག་གི་གྲྭ་བཙུན་དང། མི་མང་བཅས་ཁྱོན་མི་གྲངས་ ༥༠༠ བརྒལ་བ་འདུ་འཛོམས་ཀྱིས་ཐོག་མར་བཀའ་ཁྲི་ཟམ་གདོང་རིན་པོ་ཆེ་མཆོག་གིས་གསུང་བཤད་གནང་དོན། རྡ་སའི་ཁུལ་དུ་གནས་སྡོད་བོད་མི་སྐྱབས་བཅོལ་བ་དང། ས་གནས་ཡུལ་མི་རྣམས་ནས་སོ་སོ་རང་ཉིད་ལ་ཧ་ལས་པའི་བསོད་ནམས་ཆེན་པོ་ཚོར་བཞིན་ཡོད། སྐུ་ཉིད་འདི་གར་ཕེབས་པར་འདི་གའི་ཁོར་ཡུག་ཆ་ཚང་ལུས་སྦྱོང་དང་ཆོས་ཀྱི་རང་བཞིན་ལྡན་པ་ཞིག་ཆགས་ཡོད། ངས་དད་པ་ཆེན་པོའི་ངང་ནས་རང་ཉིད་དང་དགེ་བཙུན། བོད་མི་བཅས་ཀྱི་ཚབ་ཞུས་ཏེ་སྐུ་ཉིད་ལ་དད་གུས་ཆེན་པོས་ཕེབས་བསུ་ཞུ་རྒྱུ་ཡིན། སྐུ་ཉིད་ཀྱི་དུས་ཚོད་ནི་ཧ་ཅང་རིན་ཐང་ཅན་ཞིག་རེད། དེ་རིང་འདིར་ཕེབས་པའི་མང་ཚོགས་རྣམས་ལ་སྐུ་ཉིད་ནས་བྱིན་གྱི་རླབས་རོགས་ཞེས་འབོད་སྐུལ་ཞུ་རྒྱུ་ཡིན་ཞེས་གསུངས། དེ་རྗེས་རྒྱ་གར་གྱི་ས་ཝ་མི་རཱམ་ཌེབ་མཆོག་ཀྱིས་གསུང་བཤད་གནང་དོན། དེ་རིང་འདིར་བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་དངོས་སུ་བཞུགས་མེད་ཀྱང་ཁོང་ནི་ཆོས་ཕྱོགས་ཀྱི་ཐོག་ནས་དུས་རྟག་ཏུ་ང་ཚོ་དང་ལྷན་དུ་ཡོད། ང་ཚོ་ཕན་ཚུན་གྱི་སྐད་ཡིག་དེ་ཙམ་ཤེས་ཀྱི་མེད། ང་ཚོའི་སྐད་ཡིག་དང་། ཆོས། མི་རིགས་སོགས་ཐ་དད་ཡིན་ནའང་འདུ་ཤེས་གཅིག་པ་ལྟ་བུ་ཡིན། ༸གོང་ས་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་ནི་ཆོས་ལུགས་གཅིག་གི་དབུ་ཁྲིད་ཙམ་མིན་པར་ཆོས་ཕྱོགས་ཀྱི་ནུས་སྟོབས་ཤིག་ཆགས་ཡོད། སོ་སོ་དང་སོ་སོའི་སྤུན་གཉེན་གྱི་ཆེད་དུ་འཚོ་གནས་མི་བྱེད་མཁན་དཀོན་མཆོག་དང་། ཆོས། བདེན་པའི་ཆེད་དུ་འཚོ་གནས་བྱེད་མཁན་དེ་ཆོས་ཕྱོགས་ཀྱི་དབུ་ཁྲིད་ཡིན། དེ་བཞིན་༸གོང་ས་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་ནི་ནང་པ་དང། བོད་ཀྱི་དབུ་ཁྲིད་ཅིག་ཡིན་པ་མ་ཟད་འཛམ་གླིང་ཡོངས་ཀྱི་དབུ་ཁྲིད་ཅིག་ཀྱང་ཆགས་ཡོད་ཅེས་གསུངས། ཕྱོགས་མཚུངས་ཁོང་གིས་མུ་མཐུད་བོད་མི་མང་ཚོགས་ལ་འཕྲོད་བསྟེན་དང་འབྲེལ་བའི་ཐོག་གསུངས་དོན། སྟོན་པ་ཤཱཀྱ་ཐུབ་པ་བཞིན་ལོ་ ༦ དཀའ་བ་སྤྱད་མ་ཐུབ་ན་ཁ་ཟས་ཉུང་དུ་གཏོང་དགོས། ལུས་སྦྱོང་(Yog)ཡག་པོ་བྱེད་ཐུབ་ན་སེམས་ནང་གི་ཁོང་ཁྲོ་ཞི་འཇམ་དུ་གཏོང་ཐུབ་པའི་དགེ་མཚན་ཡོད། ལུས་སེམས་གཙང་མ་ཆགས་ན་སངས་རྒྱས་ཀྱི་རྣམ་པ་སླེབས་ཀྱི་ཡོད། ཅེས་སོགས་ཀྱི་གསུང་བཤད་གནང་གྲུབ་བསྟུན་ཆོས་རིག་བཀའ་བློན་མཆོག་གིས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་། དེ་ནས་བཀའ་ཁྲི་མཆོག་གིས་ས་ཝ་མི་རཱམ་ཌེབ་མཆོག་ལ་མཇལ་དར་བསྒྲོན་པ་དང་ཆབས་ཅིག་སྟོན་པ་ཐུབ་པའི་དབང་པོའི་སྐུ་བརྙན་ཞིག་ཕྱག་རྟགས་སུ་ཕུལ་ཡོད་པ་བཅས།།