༢༠༡༠ ཟླ་ ༡༠ ཚེས་ ༡༥ རེས་གཟའ་པ་སངས།
༄༅། །ཆབ་སྲིད་བཙོན་ཟུར་དཔལ་ལྡན་ཆོས་སྒྲོན་ལགས་ཆབ་སྲིད་ཀྱི་དོན་རྐྱེན་འོག་མི་ལོ་ ༩ རྒྱ་གཞུང་གི་བཙོན་འོག་ཏུ་སྡུག་སྦྱོང་སྣེ་དགུ་མྱངས་རྗེས་ཕྱི་ལོ་ ༢༠༡༠ ཟླ་ ༩ ཚེས ༡༠ ཉིན་རྒྱ་གར་ལ་བཙན་བྱོལ་དུ་འབྱོར་ཡོད། དེ་ཡང་ཁོང་ནི་བོད་ལྗོངས་ལྷ་ས་གྲོང་ཁྱེར་སྙེ་མོ་རྫོང་བོར་རྭ་གྲོང་ཚོར་ཕྱི་ལོ་ ༡༩༧༣ ལོར་སྐྱེས་ཤིང་ཆུང་དུས་སློབ་ཆུང་འགྲིམས་ཏེ་རང་ལོ་ ༡༥ སོན་སྐབས་ཤུག་གསེབ་བཙུན་དགོན་དུ་ཆོས་མགོར་བཞུགས་ནས་འདོན་ཆོས་ཆོག་སོགས་ལ་སློབ་གཉེར་གནང་། རྒྱ་གཞུང་གིས་སྔ་བར་ཕྱི་གསུམ་དུ་བོད་ལ་གཡོན་ཐལ་ཆེ་བའི་གདུག་རྩུབ་ཅན་གྱི་སྲིད་བྱུས་འོག་བོད་མིར་སྡུག་སྣེ་དགུ་བཏང་དང་གཏོང་མུས་ལ་བརྟེན་ཕྱི་ལོ་ ༡༩༩༠ ཟླ་ ༨ ཚེས་ ༢༨ ཉིན་ཁོང་དང་ཆོས་གྲོགས་དབྱངས་ཅན། འོད་ཟེར། དབྱངས་འཛོམས། འཆི་མེད་བདེ་སྐྱིད། སྤེན་པ་སྒྲོལ་དཀར་བཅས་ནས་བོད་ཀྱི་རྒྱལ་ས་ལྷ་སར་བོད་རང་བཙན་ཡིན། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་ཁྲི་ལོར་བརྟན་པར་ཤོག རྒྱ་དམར་བོད་ནས་ཕྱིར་ལོག་བྱེད་དགོས་ཞེས་ཞི་བའི་རྔམ་སྟོན་ཁྲོམ་སྐོར་བྱས་རྐྱེན་རྒྱ་གཞུང་གི་ཉེན་རྟོག་པས་འཛིན་བཟུང་བྱས་ཏེ་རྒུ་རྩ་ལྟ་སྲུང་ཁང་དུ་བཙོན་འཇུག་དང་འདྲི་རྩད་ཀྱིས་ཉེས་རྡུང་འདྲ་མིན་བཏང་བ་སོགས་བཟོད་དཀའ་བའི་སྡུག་སྦྱོང་མྱོང་དགོས་བྱུང་ཡོད། དེ་རྗེས་ཕྱི་ལོ་ ༡༩༩༠ ཟླ་ ༡༠ ནང་ལྷ་ས་འབྲིང་རིམ་མི་དམངས་ཁྲིམས་ཁང་ཞེས་པ་ནས་ཁོང་རྣམས་དུས་བཀག་བཙོན་འཇུག་ལོ་གསུམ་ནས་བདུན་བར་གྱི་ཁྲིམས་ཐག་བཅད་དེ་གྲྭ་བཞི་བཙོན་ཁང་དུ་སྤོ་སྐྱེལ་བྱས་འདུག བཙོན་ཁང་དེར་ཁོང་དང་བཙོན་གྲོགས་བཙུན་མ་བཅུ་བཞིས་ཕྱི་ལོ་ ༡༩༩༣ ཟླ་ ༣ ནང་བོད་རང་བཙན་གྱི་གླུ་གཞས་སྒྲ་འཇུག་ཐེངས་གཉིས་ཙམ་བྱས་པ་དེ་སྤྱི་ཚོགས་ཐོག་ཐོན་རྗེས་ཁོང་རྣམས་ལ་དུས་བཀག་བཙོན་འཇུག་ལོ་ལྔ་ནས་ལོ་དགུ་བར་སྤར་སྣོན་བྱས་ཡོད་པའི་ནང་ནས་དཔལ་ལྡན་ཆོས་སྒྲོན་ལགས་སུ་དུས་བཀག་བཙོན་འཇུག་ལོ་ལྔ་སྤར་ཡོད་པ་མ་ཟད། རྒྱ་གཞུང་ནས་ཁོང་རྣམས་ལ་རྒྱལ་ཁབ་ཁ་བྲལ་གྱི་ཉེས་མིང་སླར་ཡང་བཙན་འགེལ་བྱས་ཏེ་འཕྲུལ་ཆས་ཀྱི་ལག་ཆ་འདྲ་མིན་བེད་སྤྱོད་བཏང་ནས་མི་སྤྱོད་འདས་པའི་དྲག་རྡུང་སྣ་ཚོགས་ཤིག་བཏང་སྟེ་ལུས་པོ་ནད་གཅོང་བཟོས་ཡོད། མཐར་ཕྱི་ལོ་ ༡༩༩༨ ཟླ་ ༨ ཚེས་ ༢༧ ཉིན་མི་ལོ་བརྒྱད་ཀྱི་བཙོན་འཇུག་གི་དུས་ཡུན་རྫོགས་ནས་གློད་བཀྲོལ་ཐོབ་ནའང་། རྒྱ་གཞུང་ནས་ཁོང་གི་འགྲོ་སྡོད་སྤྱོད་གསུམ་ལ་དམ་བསྒྲགས་བྱས་རྐྱེན་ཕྱི་ལོ་ ༡༩༩༩ ཟླ་ ༢ ནང་རྒྱ་གར་ལ་བྲོས་བྱོལ་དུ་ཡོང་ཡང་སྟབས་མི་ལེགས་པ་ཞིག་ལ་ནག་ཆུ་ས་ཁུལ་གྱི་ཉེན་རྟོག་པས་འཛིན་བཟུང་བྱས་ཏེ་སྟོད་ལུང་ཁྲི་ཟམ་བཙོན་ཁང་དུ་བཙོན་འཇུག་ལོ་གཅིག་གི་དུས་ཡུན་རྫོགས་ཏེ་གློད་བཀྲོལ་ཐོབ་ཀྱང་སྔར་བཞིན་བཙན་གནོན་འོག་སྡོད་ཐབས་བྲལ་ཏེ་ཕྱི་ལོ་ ༢༠༡༠ ཟླ་ ༨ ཚེས ༥ ཉིན་རྒྱ་གར་ལ་སླར་ཡང་སྐྱབས་བཅོལ་དུ་ཡོང་སྟེ་ཕྱི་ཟླ་ ༩ ཚེས་ ༡༠ ཉིན་བཞུགས་སྒར་རྡ་སར་བདེ་འབྱོར་བྱུང་ཡོད་པ་བཅས་སོ།།
རྒྱ་གཞུང་གི་བཙོན་ཁང་དུ་མི་ལོ་དགུ་ཡི་སྡུག་སྦྱོང་མྱངས་རྗེས་བཙན་བྱོལ་དུ་འབྱོར་བ།
གསར་གནས།
འབྲེལ་གནས།