༢༠༡༠ ཟླ་ ༡༠ ཚེས་ ༨ རེས་གཟའ་པ་སངས།
༅༅། །འདི་གར་ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༠ ཟླ་ ༡༠ ཚེས་ ༢༠ ཉིན་བཙན་བྱོལ་བོད་གཞུང་གི་ཁྲིམས་ཞིབ་པ་ཆེ་བ་ངག་དབང་འཕེལ་རྒྱལ་མཆོག་སྡེ་ར་ལྡུན་བོད་མིའི་ས་གནས་ཁྲིམས་ཞིབ་ཁང་དུ་གཞུང་འབྲེལ་ལས་དོན་ཆེད་ཕེབས་རྒྱུ་ཡིན་འདུག ཕྱི་ཚེས་ ༢༡ ཉིན་ས་གནས་ཁྲིམས་ཞིབ་ཁང་གི་ལས་དོན་བྱེད་ཕྱོགས་ལ་ཞིབ་འཇུག་ལམ་སྟོན་དང་འབྲེལ་མ་འོངས་ས་གནས་ཁྲིམས་ཞིབ་ཁང་གི་ཁྱབ་ཁོངས་ས་གནས་ཁག་ ༢༨ སོ་སོའི་མང་ཚོགས་ལ་དུས་ནས་དུས་སུ་བཙན་བྱོལ་བོད་མིའི་ཁྲིམས་ལུགས་སྐོར་གོ་རྟོགས་སྤེལ་ཕྱོགས་དང། རིང་མིན་ཁྲིམས་རྩོད་པའི་སྦྱོང་བརྡར་ལས་འཆར་ནང་ཁྱབ་ཁོངས་ས་གནས་སོ་སོར་མི་འགྲོ་ཆ་བགོས་ལྟར་ཁུངས་སོ་སོ་ནས་མི་འགྲོ་དོ་ཆོད་འཛུལ་ཞུགས་ཡོང་ཐབས་བཅས་ཀྱི་སྐོར་གོ་བསྡུར་གནང་རྒྱུ། དེ་བཞིན་ས་གནས་ཀྱི་གཏུག་བཤེར་ཚོགས་ཁང་དང། ལས་ཁུངས། ལས་ཤག་བཅས་ལ་གཟིགས་སྐོར་སོགས་འགྲུབ་བསྟུན་ཕྱི་ཚེས་ ༢༢ ཉིན་རྡ་སར་ཕེབས་ཐོན་གནང་རྒྱུ་ཡིན་འདུག་པ་བཅས།།