༢༠༡༠ ཟླ་ ༩ ཚེས་ ༢༩ རེས་གཟའ་ལྷག་པ།
༄༅།། འདི་གར་ཨོ་སི་ཌོ་ལི་ཡའི་བོད་གཞུང་སྐུ་ཚབ་དོན་ཁང་གིས་བཏང་གནས་ནང་འཁོད་དོན།
ཨོ་སི་ཊོ་ལི་ཡའི་སྐུ་ཚབ་དོན་གཅོད་དྭགས་པོ་བསོད་ནམས་ནོར་བུ་ལགས་ཕྱི་ལོ་ ༢༠༡༠ ཟླ་ ༩ ཚེས་ ༢༤ ནས་ཚེས་ ༢༦ བར་ཨོ་སི་ཊོ་ལི་ཡའི་ནུབ་ཕྱོགས་མངའ་སྡེའི་རྒྱལ་ས་པར་ཐ་ (Perth) ཁུལ་དུ་བོད་དོན་རྒྱབ་སྐྱོར་ཚོགས་པ་དང་། གྲོས་ཚོགས་ཀྱི་འཐུས་མི།ས་གནས་བོད་རིགས་ཚོགས་པའི་ཚོགས་མི་བོད་བརྒྱུད་ནང་བསྟན་ཆོས་ཚོགས་ཁག་བཅས་དང་མཇལ་མོལ་དང་འཚམས་གཟིགས་སུ་ཕེབས་ཡོད། དེ་ཡང་ཕྱི་ཚེས་ ༢༤ ཉིན་ས་གནས་བོད་རིགས་མཐུན་ཚོགས་ཀྱི་ཚོགས་གཙོ་རྫ་སྤྲུལ་རིན་པོ་ཆེ་མཆོག་ནས་པར་ཐ་གནམ་ཐང་དུ་སྐུ་ཚབ་དོན་གཅོད་ལ་ཕེབས་བསུའི་སྣེ་ལེན་ཞུས་རྗེས། ཉིན་དེའི་དགོང་དྲོ་མངའ་སྡེའི་གྲོས་ཚོགས་ཀྱི་འཐུས་མི་རྒེར་ཛ་ཝ་ཀྲ་སོན་ལྷན་མཇལ་འཕྲད་ཀྱིས། ད་ལྟའི་བོད་ཀྱི་གནས་སྟངས་དང་རྒྱ་བོད་འབྲེལ་ལམ་སྐོར་སོགས་འགྲེལ་བརྗོད་གནང་བ་མ་ཟད། ཁོང་དང་ལྗང་གུ་ཚོགས་པ་ནས་རྒྱུན་དུ་བོད་དོན་ཐོག་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བར་བཅོས་མིན་ཐུགས་རྗེ་ཆེ་ཞུས་ཡོད། ཕྱི་དྲོ་ནུབ་ངོས་བོད་དོན་རྒྱབ་སྐྱོར་ཚོགས་པའི་རྒྱུན་ལས་ལྷན་མཇལ་འཛོམས་ཀྱིས་བོད་དོན་ཐོག་རྒྱབ་སྐྱོར་དང་ལས་འགུལ་འདྲ་མིན་སྤེལ་དང་སྤེལ་བཞིན་པར་བསྔགས་བརྗོད་དང་ཐུགས་རྗེ་ཆེ་ཞུས་ཡོད། ཡང་བོད་དོན་རྒྱབ་སྐྱོར་ཚོགས་པ་ནས་ཉིན་དེའི་དགོང་ཚིགས་ཞིག་གོ་སྒྲིག་གནང་བ་དང་།སྐུ་མགྲོན་གཙོ་བོར་སྐུ་ཚབ་དོན་གཅོད་ཀྱིས་དབུས་པའི་ཨོ་སི་ཊོ་ལི་ཡའི་དབུས་དང་ས་གནས་གྲོས་ཚོགས་ཀྱི་འཐུས་མི་དང་འཐུས་མི་ཟུར་པ་ཁག་གཅིག་གདན་ཞུས་ལྟར་ཕེབས་པ་དང་སྟབས་བསྟུན། སྐུ་ཚབ་དོན་གཅོད་དྭགས་པོ་བསོད་ནམས་ནོར་བུ་ལགས་ནས་བོད་ཀྱི་གནས་ཚུལ་འགྲེལ་བཤད་ཞིབ་ཕྲ་གནང་ཡོད།
ཕྱི་ཚེས་ ༢༥ ཉིན་སྐུ་ཚབ་དོན་གཅོད་ནས་ཧ་ཡཱ་གྷྲི་ཝ་བོད་བརྒྱུད་ནང་བསྟན་ཆོས་ཚོགས་ལ་གནས་གཟིགས་སྐོར་ཕེབས་སྐབས། དེ་གའི་ཆོས་ཚོགས་ཀྱི་ཚོགས་གཙོ་དང་རྒྱུན་ལས་རྣམས་ནས་ཕེབས་བསུའི་སྣེ་ལེན་ཞུས་ཡོད། ཆོས་ཚོགས་ཀྱི་བྱུང་རིམ་དང་ལས་འཆར་སོགས་ངོ་སྤྲོད་གནང་ཡོད་ལ་སྐུ་ཚབ་དོན་གཅོད་ནས་བོད་དོན་ཐོག་འགྲེལ་བརྗོད་དང་ཆོས་ཚོགས་ནས་༸གོང་ས་མཆོག་ཁུལ་དེར་ཆིབས་སྒྱུར་བསྐྱངས་སྐབས་མཐུན་འགྱུར་རོགས་རམ་གནང་བར་ཐུགས་རྗེ་ཆེ་ཞུས་ཡོད། ཡང་ཉིན་དེའི་དགོང་དྲོ་ཕན་བདེ་གླིང་ཆོས་ཚོགས་སུ་གནས་གཟིགས་དང་ས་གནས་བོད་རིགས་ཚོགས་པའི་ཚོགས་མི་ལྷན་ཚོགས་འཛོམས་སྐབས། ཚོགས་གཙོ་རྫ་སྤྲུལ་རིན་པོ་ཆེ་མཆོག་ནས་ཚོགས་པའི་ལས་བསྡོམས་སྙན་སེང་གནང་རྗེས། སྐུ་ཚབས་དོན་གཅོད་མཆོག་ནས་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་མང་གཙོའི་ལམ་ལུགས་དང་།བོད་མི་མང་སྤྱི་འཐུས་དང་བཀའ་བློན་ཁྲི་པའི་འོས་བསྡུའི་སྐོར། ༸གོང་ས་མཆོག་གི་མཛད་འཕྲིན་དང་དབུ་མའི་ལམ་གྱི་མཛད་བྱུས་སྐོར། ཕྱི་སྡོད་བོད་མི་རྣམས་ནས་བོད་ཀྱི་ཆོས་དང་རིག་གཞུང་སྐད་ཡིག་སྲུང་སྐྱོབ་དགོས་པའི་སྐོར་སོགས་འགྲེལ་བརྗོད་གནང་བ་དང་། ཚོགས་མི་རྣམས་ཀྱི་བཏོན་པའི་དོགས་གནད་ཁག་ལ་འགྲེལ་བཤད་གནང་ཡོད།།