༢༠༡༠ ཟླ་ ༩ ཚེས་ ༡༧ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༡༠ ཟླ་ ༩ ཚེས་ ༡༤ རེས་གཟའ་མིག་དམར་ཉིན་ལྷོ་ཨ་ཕི་རི་ཀའི་གྲོས་ཚོགས་ནང་བོད་མི་རྣམས་བཙན་བྱོལ་དུ་འབྱོར་ནས་མི་ལོ་ཧྲིལ་པོ་ལྔ་བཅུ་འཁོར་བའི་དུས་དྲན་སྲུང་བརྩི་ཞུ་ཆེད་ལྷོ་ཨ་ཕི་རི་ཀའི་སྲིད་གཞུང་གི་ཕྱོགས་འགལ་ཚོགས་པའི་གྲོས་ཚོགས་འཐུས་མི་ཁག་གཅིག་གིས་བོད་དང་༸གོང་ས་ཏཱ་ལའི་བླ་མ་མཆོག རྒྱ་ནག་བཅས་གནད་དོན་གསུམ་གྱི་ཐོག་གཏམ་བཤད་མི་འདྲ་བ་བཞི་ཙམ་གནང་འདུག དེ་ཡང་གྲོས་ཚོགས་ཀྱི་ཚོགས་གཙོ་སྐུ་ཞབས་མག་སི་སུ་ལུ་ (Max Sisulu) མཆོག་དབུ་བཞུགས་ཐོག་ཕྱོགས་འགལ་ཚོགས་པའི་གྲོས་ཚོགས་འཐུས་མི་ ༨༠ ཙམ་གྱིས་ཁ་བཏགས་དཀར་པོ་རེ་གྱོན་ནས་གྲོས་ཚོགས་ཀྱི་ཚོགས་ཁང་ནང་ཚོགས་བཞུགས་གནང་ཡོད་པ་མ་ཟད། སྐབས་དེར་ལྷོ་ཨ་ཕི་རི་ཀའི་བོད་ཀྱི་གྲོགས་པོ་(South African Friend`s of Tibet) ཞེས་པའི་ཚོགས་པ་དེའི་སྐུ་ཚབ་འཐུས་མི་བརྒྱ་ཙམ་གྱིས་གྲོས་ཚོགས་ཀྱི་ཚོགས་འདུར་ཟུར་ཉན་པའི་བཞུགས་གྲལ་དུ་འཁོད་དེ་བོད་ཀྱི་གནད་དོན་གླེང་སློང་བྱས་པའི་ཉིན་གུང་གི་གྲོས་ཚོགས་ཚོགས་འདུར་ཆེད་ཕེབས་གནང་འདུག སྐབས་དེར་ (IFP) གྲོས་ཚོགས་འཐུས་མི་སྐུ་ཞབས་མཱ་རིའོ་ཨེམ་བྷོ་རོ་སི་ནི་ (Mario- Ambrosini) མཆོག་གིས་གསུང་དོན།
རྒྱ་ནག་དེ་བཞིན་ལྷོ་ཨ་ཕི་རི་ཀའི་ཚོང་དོན་འཐབ་རྩོད་ཀྱི་བྲེལ་ཟིང་ནང་བཞུགས་མཁན་རྒྱལ་ཁབ་གཙོ་གྲས་ཤིག་ཆགས་པའི་སྐབས་འདིར་ང་ཚོ་བོད་དང་རྒྱ་ནག་གི་གྲོགས་པོའི་ངོ་བོར་ལངས་ཏེ་བསྡད་ཡོད། ཇི་སྲིད་རྒྱ་ནག་གཞུང་ནས་རྒྱལ་ནང་གི་བྱེད་ཕྱོགས་ལ་བཅོས་བསྒྱུར་མ་བཏང་བ་དེ་སྲིད་དུ་ལྷོ་ཨ་ཕི་རི་ཀའི་ལམ་ལུགས་ལ་བསྒྱུར་བཅོས་གཏོང་རྒྱུ་མིན་པ་བཞིན། རྒྱ་ནག་གཞུང་ནས་བོད་ནང་ནོར་འཁྲུལ་གྱི་སྲིད་བྱུས་དེར་བསྒྱུར་བཅོས་མ་བཏང་བར་རྒྱ་ནག་གཞུང་ནས་རྒྱལ་ནང་གི་བྱེད་ཕྱོགས་ལ་བསྒྱུར་བཅོས་གཏོང་རྒྱུ་མིན། བོད་དེ་རྒྱལ་རབས་ལོ་རྒྱུས་ཀྱི་ཁ་ཕྱོགས་གསར་པ་ཞིག་ཏུ་འགྱུར་རྒྱུའི་གནད་དོན་ཞིག་ཆགས་ཡོད། སྔ་མོ་ལྷོ་ཨ་ཕི་རི་ཀའི་ནང་མི་རིགས་དབྱེ་འབྱེད་ཀྱི་སྲིད་བྱུས་ལ་གདོང་ལེན་བྱེད་སྐབས་སུ་བྱུང་བ་བཞིན་བོད་ཀྱི་གནད་དོན་བརྒྱུད་འཛམ་གླིང་ནང་མང་གཙོ་དོན་གཉེར་བ་ཚང་མའི་ཆིག་སྒྲིལ་གྱི་ནུས་ཤུགས་སླར་ཡང་གོང་སྤེལ་གཏོང་ཐུབ་པ་ཞིག་ང་ཚོས་བྱེད་དགོས།
རྒྱ་མི་ཚང་མར་ཐོབ་ཐང་ཡོད་པ་བཞིན་བོད་མི་ཚོས་ཀྱང་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཡོངས་ཁྱབ་གསལ་བསྒྲགས་ནང་འཁོད་དོན་ལྟར་རང་སྲིད་རང་སྐྱོང་དང་འགྲོ་བ་མིའི་གཞི་རྩའི་ཐོབ་ཐང་རྩོད་བཞིན་ཡོད། འཛམ་གླིང་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཐེངས་ལྔ་པའི་སྐབས་སུའང་བོད་མི་ཚོར་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་གི་གནས་བབ་ཐོབ་ཐུབ་པ་གཅིག་དང། བོད་མི་ཚོར་འགྲོ་བ་མིའི་ཐོབ་ཐང་ཡོང་རྒྱུར་རྒྱབ་སྐྱོར་བྱས་ཡོད་པ་མ་ཟད། ང་ཚོས་དམིགས་ཡུལ་དེ་རྒྱ་ནག་ལ་རྒྱབ་སྐྱོར་བྱེད་པ་ཞིག་ལས་རྒྱ་ནག་ལ་སྡང་ཟུག་བྱེད་པ་ཞིག་གང་ཡང་མིན་པའི་ནན་བརྗོད་བྱས་ཡོད་ཅེས་སོགས་ཀྱིས་སུང་བཤད་གནང། ཕྱོགས་མཚུངས་མང་གཙོ་མཐུན་ཕྱོགས་ཚོགས་པའི་ལྕམ་སྐུ་སན་ཊོ་ཤི་ཝི་ནི་ཏ་ཀལ་ཡཱན་ (Santosh Vinita Kalyan) མཆོག་གིས་བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མར་ལྷོ་ཨ་ཕི་རི་ཀའི་སྲིད་གཞུང་ནས་ལྷོ་ཨ་ཕི་རི་ཀར་ཆིབས་སྒྱུར་སྐྱོང་ཆེད་མཐོང་མཆན་འབུལ་དགོས་པའི་རེ་འདུན་བཏོན་ཡོད། དེ་བཞིན་ (Freedom Front) ཞེས་པའི་གྲོས་ཚོགས་ཀྱི་འཐུས་མི་སྐུ་ཞབས་ཀོར་ནེ་མུལ་ཌར་ (Corne Mulder) མཆོག་གིས་གསུང་དོན། དེ་རིང་གྲོས་ཚོགས་ཀྱི་ཚོགས་འདུའི་སྐབས་ང་ཚོས་བློ་འཚབ་ཆེན་པོའི་ཐོག་རྒྱ་ནག་གཞུང་གིས་བོད་ནང་འགྲོ་བ་མིའི་ཐོབ་ཐང་ལ་རྩིས་མེད་རྡོག་རོལ་གཏོང་བཞིན་པའི་དཀའ་ངལ་གྱི་གནས་སྟངས་དེ་ཞི་བའི་ཐོག་སེལ་ཆེད་ཨ་ཕི་རི་ཀ་རྒྱལ་ཡོངས་གྲོས་ཚོགས་ཀྱིས་རྒྱབ་སྐྱོར་ཞུས་པའི་ཐོག་བོད་མི་ཚོར་རང་ཐག་རང་གཅོད་ཀྱི་ཐོབ་ཐང་ཡོད་པ་ངོས་ལེན་གནང་དགོས་ཞེས་སོགས་ཀྱི་གསུང་བཤད་གནང། ཕྱོགས་མཚུངས་ (IFP) གྲོས་ཚོགས་འཐུས་མི་རྒྱལ་སྲས་སྐུ་ཞབས་མངྒོ་སུ་ཐོ་བྷུ་ཐོ་ལེ་ཛི་ (Mangosuthu Buthelezi) མཆོག་གིས་གསུང་དོན། བོད་ཀྱི་གནད་དོན་དེ་རྒྱ་ནག་མང་གཙོའི་རིང་ལུགས་ཀྱི་ཁ་ཕྱོགས་སུ་འགྱུར་རྒྱུའི་གལ་འགངས་ཆེ་བའི་བརྒྱུད་རིམ་ཞིག་ཆགས་ཡོད། ང་ཚོས་དེང་སྐབས་རྒྱལ་སྤྱིའི་ཆབ་སྲིད་དང་སྤྱི་ཚོགས། དཔལ་འབྱོར་སོགས་ཀྱི་གནད་དོན་ཐོག་རྒྱ་ནག་གི་ལངས་ཕྱོགས་སྔར་ལས་གལ་ཆེན་པོ་ཆགས་པ་དེར་བསྔགས་བརྗོད་ཞུ་རྒྱུ་དང། རྒྱུ་མཚན་དེར་བརྟེན་རྒྱ་ནག་དེ་གང་མགྱོགས་མང་གཙོའི་ལམ་ལུགས་སུ་ཁ་ཕྱོགས་འགྱུར་རྒྱུ་དེ་འགྲོ་བ་མིའི་དགོས་མཁོ་ཞིག་ཆགས་ཡོད་པ་ང་ཚོས་བསམ་བཞིན་ཡོད།
བོད་ཀྱི་གནད་དོན་དེས་འོས་ཤོག་ཐོབ་རྒྱུ་དང་སྙན་གྲགས་ཐོབ་རྒྱུ་གང་ཡང་མིན་པར་ལྟ་གྲུབ་ཀྱི་གནད་དོན་ཞིག་ཆགས་ཡོད། རྗེས་འབྲས་བཟང་ངན་གང་ཡོང་ལ་མ་ལྟོས་པར་ལྟ་གྲུབ་གཞི་རྩར་འཛིན་ནས་བདེན་པ་ལ་རྒྱབ་སྐྱོར་ཞུས་པར་བརྟེན་ངའི་མི་ཚེ་ཧྲིལ་པོའི་རིང་ང་རང་སྒེར་གྱི་གནས་སྟངས་དང་ཆབ་སྲིད་ཀྱི་གནས་སྟངས་གཉིས་ཀའི་ཐོག་གྱོང་གུན་ཆེན་པོ་ཞིག་ཕོག་བྱུང། གལ་ཏེ་བོད་མི་ཚོར་གདུག་རྩུབ་བྱས་པ་དེར་ངོ་རྒོལ་དང། ཁོང་ཚོར་རང་ཐག་རང་གཅོད་ཀྱི་ཐོབ་ཐང་སྤྲོད་དགོས་བཅས་པའི་འབོད་སྒྲ་སྒྲོགས་རྒྱུའི་བློ་ཁོག་ང་ཚོར་མ་རྙེད་ཚེ་ང་ཚོས་མང་གཙོའི་རིང་ལུགས་ཀྱི་ཉམས་ལེན་དེ་ཚབས་ཆེན་པོས་ཉམས་གུད་འགྲོ་བཞིན་ཡོད་པར་ངོས་འཛིན་བྱེད་དགོས་ཞེས་སོགས་ཀྱི་གསུང་བཤད་གནང།།