༢༠༡༠ ཟླ་ ༩ ཚེས་ ༤ རེས་གཟའ་སྤེན་པ།
༄༅། །ཕྱི་ལོ་ ༢༠༡༠ ཟླ་ ༩ ཚེས་ ༥ ཉིན་རྒྱ་གར་སྲིད་འཛིན་ལྕམ་སྐུ་པར་ཏི་བྷ་པ་ཊེལ་མཆོག་གིས་དགེ་རྒན་ཉིན་མོ་དང་སྟབས་བསྟུན་རྒྱ་གར་རྒྱལ་ཡོངས་ཀྱི་སློབ་གྲྭ་ཁག་གི་ནང་གཟེངས་སུ་ཐོན་པའི་དགེ་རྒན་རྣམས་ལ་གཟེངས་རྟགས་གནང་རྒྱུ་ཡིན་པའི་ཁོངས་སུ་བོད་པའི་སློབ་དགེ་གཉིས་ལ་ཕྱི་ལོ་ ༢༠༠༩ ལོའི་རྒྱ་གར་རྒྱལ་ཡོངས་ཀྱི་ཆེ་བསྟོད་གཟེངས་རྟགས་དེ་བཞིན་གནང་གཏན་འཁེལ་འདུག དེ་ཡང་ཨོ་རི་ས་ཕུན་ཚོགས་གླིང་སློབ་གྲྭའི་གཞི་རིམ་འོག་མའི་སློབ་དགེ་སྐུ་ཞབས་འཆི་མེད་གཡུང་དྲུང་ལགས་དང་མ་སུ་རི་གཏན་སློབ་གཞི་རིམ་གོང་མའི་ཚོང་ལས་སློབ་དགེ་སྐུ་ཞབས་བྷི་རི་ཇི་མོ་ཧན་ཨ་གྷར་ཝལ་(Mr. Brij Mohan Aggarwal) ལགས་གཉིས་ལ་དེ་ཉིན་རྒྱ་གར་སྲིད་འཛིན་མཆོག་གིས་ཕྱག་ཁྱེར་དང་དངུལ་སྒོར་ ༢༥༠༠༠ དེ་བཞིན་དངུལ་གྱི་རྟགས་མ་བཅས་གནང་རྒྱུ་ཡིན་འདུག སྐབས་དེར་རྒྱ་གར་རྒྱལ་ཡོངས་ཀྱི་སློབ་གྲྭ་འདྲ་མིན་ཁག་ནས་དགེ་རྒན་ཁྱོན་ ༣༧༤ ཙམ་ལ་ཆེ་བསྟོད་ཀྱི་གཟེངས་རྟགས་གནང་རྒྱུ་ཡིན་འདུག རྒྱ་གར་རྒྱལ་ཡོངས་དགེ་རྒན་གཟེངས་རྟགས་ཚོགས་ཆུང་དེ་བཞིན་ཐོག་མར་ཕྱི་ལོ་ ༡༩༥༨ ལོར་བཙུགས་པ་དང། ལོ་ལྟར་གཞི་རིམ་འོག་མ་དང་བར་མ་གོང་མ་བཅས་ཀྱི་སློབ་གྲྭ་ཁག་གི་ནང་རང་འཁྲིའི་ལས་འགན་ལ་ཧུར་བརྩོན་གནང་བའི་སློབ་དགེ་ཚོར་རྒྱ་གར་དབུས་གཞུང་ནས་ངོས་བཞེས་ཐོག་ཆེ་བསྟོད་གཟེངས་རྟགས་འབུལ་བཞིན་ཡོད་པ་བཅས།།