༢༠༡༠ ཟླ་ ༩ ཚེས་ ༢༩ རེས་གཟའ་ལྷག་པ།
༄༅། །འདི་གར་ཨ་རིའི་དོན་གཅོད་ཁང་ནས་བཏང་གནས་ནང། ཆབ་སྲིད་བཙོན་ཟུར་ངག་དབང་ཆོས་འཕེལ་ལགས་ནས་བཟོ་སྒྲིག་བྱས་པའི་དབྱངས་ལ་ཐིམ་པའི་བོད། ཅེས་པའི་བོད་སྐོར་གྱི་གློག་བརྙན་གསར་པ་འདི་ཕྱི་ལོ་ ༢༠༡༠ ཕྱི་ཟླ་ ༩ ཚེས་ ༢༤ ནས་ཨ་རིའི་གྲོང་ཁྱེར་ཆེ་ཁག་གི་གློག་བརྙན་ཁང་ནང་དངོས་སུ་སྟོན་གྲབས་ཡོད་པའི་སྐབས་དེར། ཕྱི་ཚེས་ ༢༡ ཉིན་ནིའུ་ཡོཀ་གྲོང་ཁྱེར་ནང་ཡོད་པའི་རུ་བིན་ Rubin འགྲེམས་སྟོན་ཁང་དུ་ཕྱི་རྒྱལ་བའི་རིགས་དོ་སྣང་ཅན་ཁག་ཅིག་ལ་གློག་བརྙན་དེ་སྔོན་ཚུད་ནས་བསྟན་ཡོད།
གློ་བརྙན་བཟོ་སྐྲུན་ལས་ཁང་ Guge Production དང་། རྒྱལ་སྤྱིའི་ཉེས་ཡང་ཚོགས་པ་ Amnesty International གཉིས་ནས་གདན་ཞུས་གནང་བཞིན། བོད་གཞུང་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་བློ་བཟང་སྙན་གྲགས་ལགས་གློག་བརྙན་སྟོན་སར་ཕེབས་ནས་གློག་བརྙན་གཟིགས་པར་ཕེབས་མཁན་ཕྱི་རྒྱལ་བ་བརྒྱ་སྐོར་ཞིག་ལ་བོད་སྐོར་གསུང་བཤད་གནང་ཡོད་པ་དེའི་སྐབས་གསུང་དོན།
བོད་ནང་གི་ད་ལྟའི་དངོས་ཡོད་གནས་སྟངས་ནི་ཤིན་ཏུ་ཛ་དྲག་ཆེན་པོ་ཡིན་སྟབས་གཞིས་བཞུགས་བོད་མི་རྣམས་འཇིགས་སུ་རུང་བའི་ཁོར་ཡུག་ཞིག་གི་འོག་ཏུ་འཚོ་བ་སྐྱེལ་དགོས་ཀྱི་ཡོད་ཅེས་དང་། རྒྱ་ནག་གཞུང་གིས་བོད་ཐོག་འཛིན་བཞིན་པའི་སྤྱི་ཡོངས་ཀྱི་སྲིད་བྱུས་ལ་དོ་སྣང་དང་ཉམས་ཞིབ་བྱེད་སྐབས་བོད་ཀྱི་རིག་གཞུང་སྤྱི་དང་། བྱེ་བྲག་སྐད་དང་ཡི་གེ་རྩ་མེད་གཏོང་བའི་སྲིད་བྱུས་ཤིག་བཟུང་གི་ཡོད་པའི་ཚོར་སྣང་ཤུགས་ཆེ་ཡོང་གི་འདུག དཔེ་མཚོན་ཆུང་ཆུང་ཞིག་ཞུས་ན། རྒྱ་ནག་གཞུང་གིས་བོད་ཀྱི་དགོན་སྡེ་གྲྭ་ཚང་ཁག་ནང་ཡོད་པའི་གྲྭ་བཙུན་རྣམས་ཆབ་སྲིད་ཀྱི་ལངས་ཕྱོགས་དང་། རྣམ་འགྱུར་བརྟན་པོ་མེད་པར་བསྙད་དེ་དགོན་སྡེ་གྲྭ་ཚང་ནས་ཕྱིར་འབུད་གཏོང་གི་ཡོད་པ་དང་། ཆོས་བྱེད་གྲྭ་བཙུན་རྣམས་ལ་ནང་ཆོས་སློབ་གཉེར་ཚད་ལྡན་བྱེད་པའི་མཐུན་རྐྱེན་དང་ཁོར་ཡུག་མེད་པའི་ཁར། རང་གི་རྩ་བའི་བླ་མ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་མཚན་སྨད་ཞུ་བཅུག་པ་དང་། རང་གི་ལུང་པའི་ནང་རང་གི་སྐད་ཡིག་བེད་སྤྱོད་བྱེད་རྒྱུར་ཡང་སྟབས་བདེ་པོ་མེད་པ་བཅས་ཀྱི་གནས་སྟངས་ཤིག་ཏུ་གྱུར་ཡོད། ད་ལྟ་རྣམ་པ་ཚོས་གཟིགས་པའི་དབྱངས་ལ་ཐིམ་པའི་བོད་ཅེས་པའི་ཆུ་ཚོད་གཅིག་ལྷག་ཙམ་གྱི་དངོས་བྱུང་གློག་བརྙན་དེའི་ཐོག་ནས་ཀྱང་དེང་སྐབས་བོད་ནང་གི་གནས་སྟངས་ཐབས་སྡུག་ཡིན་པ་རོབ་ཙམ་མཁྱེན་རྟོགས་རྒྱུ་རེད་ཅེས་གསུང་ཡོད།
འདི་ཚེས་ ༢༡ ཉིན་གྱི་གློག་བརྙན་སྟོན་རྒྱུའི་ལས་འགུལ་དེ་གློག་བརྙན་བཟོ་སྐྲུན་ལས་ཁང་ Guge Production དང་། རྒྱལ་སྤྱིའི་ཉེས་ཡང་ཚོགས་པ་ Amnesty International གཉིས་ནས་གོ་སྒྲིག་གནང་ཞིང་། ཕྱི་རྒྱལ་དོ་སྣང་ཅན་བརྒྱ་ཕྲག་ཙམ་གློག་བརྙན་གཟིགས་པར་ཕེབས་ཡོད།
གློག་བརྙན་བཟོ་སྒྲིག་གནང་མཁན་ངག་དབང་ཆོས་འཕེལ་ལགས་ཕྱི་ལོ་ ༡༩༩༥ ལོར་བོད་ཀྱི་ཡུལ་ལུང་འདྲ་མིན་གྱི་གནའ་བོའི་རོལ་དབྱངས་འཚོལ་སྒྲུབ་ཉམས་ཞིབ་ཆེད་རྒྱ་གར་ནས་བོད་ནང་ཆེད་བསྐྱོད་བྱེད་སྐབས་རྒྱ་ནག་གཞུང་གིས་ཆབ་སྲིད་ཀྱི་ལས་འགན་ཡོད་ཚུལ་བཤད་དེ་འཛིན་བཟུང་བཙོན་བཅུག་བྱས་ནས་ལོ་ ༡༨ བཙོན་འཇུག་བྱེད་རྒྱུའི་ཁྲིམས་ཐག་བཅད་ཡོད་ཀྱང་། རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་གནོན་ཤུགས་ལ་བརྟེན་ནས་ལོ་དྲུག་དང་ཕྱེད་ཀའི་རྗེས་གློད་བཀྲོལ་གཏོང་དགོས་བྱུང་ཡོད། དེང་སྐབས་ཁོང་ཨ་རིའི་གྲོང་ཁྱེར་ནིའུ་ཡོཀ་ནང་བཞུགས་ཡོད། བོད་གཞུང་ཨ་རི་སྐུ་ཚབ་དོན་གཅོད་ཁང་གི་རྒྱ་རིགས་འབྲེལ་མཐུད་པ་ཟུང་དྲུང་ཀུན་དགའ་བཀྲིས་ཀྱིས་ ༢༠༡༠ ཟླ་ ༩ ཚེས་ ༢༨ ལ་ཕུལ།།