༢༠༡༠ ཟླ་ ༩ ཚེས་ ༢༢ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༠ ཟླ་ ༩ ཚེས་ ༢༡ ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཇར་མ་ནིའི་གྲོང་ཁྱེར་པཱ་སུ་ (Passau) ནང་༸ཞབས་སོར་བདེ་བར་འཁོད་ཡོད། དེ་ཡང་མགོན་པོ་གང་ཉིད་མཆོག་ལ་ (2010 Menschen in Europe Award) ཞེས་པའི་གཟེངས་རྟགས་འབུལ་ལམ་ཞུ་རྒྱུའི་མཛད་སྒོའི་ཐོག་ཧེ་སིའི་མངའ་སྡེའི་བློན་ཆེན་ཟུར་པ་རོ་ལན་ཌི་ཀོ་ཅི་ (Roland Koch) མཆོག་གིས་གསུང་བཤད་གནང་དོན།
རྒྱ་ནག་གཞུང་ནས་བོད་ཀྱི་གནད་དོན་སེལ་ཐབས་སླད་བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་དང་ལྷན་གྲོས་མོལ་ཞུ་རྒྱུའི་གོ་སྐབས་བརླག་རྒྱུ་མེད། བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་དང་ལྷན་གྲོས་མོལ་བྱས་ན་རྒྱ་ནག་ལ་ཁེ་ཕན་ཡོད་པ་ངས་ཡིད་ཆེས་བྱེད་ཀྱི་ཡོད། ཅེས་གསུངས་ཡོད། དེ་བཞིན་ཁོང་གིས་འཛམ་གླིང་འདིའི་སྟེང་རང་དབང་ཡོད་པའི་མི་མང་ཡོངས་ནས་བོད་མི་རིགས་ཀྱི་རྒྱབ་ཏུ་ལང་སྟེ་རྒྱབ་སྐྱོར་བྱེད་དགོས་པའི་སྐུལ་མ་ཡང་གནང་ཡོད། སྐབས་དེར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་སྩལ་དོན།
ངོས་ལ་གཟེངས་རྟགས་འདི་གནང་བར་དགའ་སྤོབས་ཆེན་པོ་བྱུང། ངོས་རང་ཆུང་བྱིས་པའི་དུས་ནས་རྒྱལ་ཁབ་འདི་དང་སེམས་ཐག་ཉེ་པོ་ཡོད། ཁྱེད་རང་ཚོས་ཐལ་བའི་དཀྱིལ་ནས་རྒྱལ་ཁབ་གསར་པ་ཞིག་འཛུགས་སྐྲུན་བྱས་པ་རེད། རྒྱལ་ཁབ་འདིར་གཏོར་བཤིག་ཚབས་ཆེན་ཕོག་ཡོད་ནའང་ཁྱེད་རང་ཚོས་དཔལ་འབྱོར་ཐོག་སྟོབས་ཆེན་དང་མང་གཙོའི་ལམ་ལུགས་བཟང་པོ་ཞིག་སྨིན་ཐུབ་ཡོད། ཅེས་བཀའ་སློབ་སྩལ་བ་དང་ཆབས་ཅིག་མགོན་པོ་གང་ཉིད་མཆོག་གིས་ཁྱེད་རྣམ་པས་ཤེས་ཡོན་གྱི་ལམ་ལུགས་དེ་འགྲོ་བ་མིའི་རིན་ཐང་དང་ཁྱད་ཆོས་ལྡན་པའི་ཐོག་ཤུགས་མང་ཙམ་རྒྱག་དགོས། བཟང་སྤྱོད་ནི་ཆོས་ལུགས་ལ་གཞི་བཅོལ་བ་ཞིག་མ་ཡིན་པར་ཆོས་ལུགས་རིས་མེད་ལ་གཞི་རྟེན་བྱས་ཡོད། ཆོས་ལུགས་རིས་མེད་ཅེས་བརྗོད་པ་ནི་ཆོས་ལུགས་ལ་གུས་བརྩི་མ་ཞུ་བའི་གོ་དོན་མིན། ཞེས་བཀའ་སྩལ་ཡོད། དེ་བཞིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བགྲོ་གླེང་གཙོ་སྐྱོང་གནང་མཁན་གྱི་དྲི་བར་བཀའ་ལན་སྩལ་དོན། ང་ཚོའི་དགོས་འདུན་ནི་གོ་བདེ་པོ་ཞིག་ཡིན། བོད་ཀྱི་གནད་དོན་ནི་ཏཱ་ལའི་བླ་མའི་སྒྲིག་འཛུགས་ནས་གང་ཡང་བྱེད་རྒྱུ་མེད། བོད་མི་རྣམས་ཀྱི་ངོས་ལ་ཡིད་ཆེས་བྱེད་ཀྱི་ཡོད་པ་མ་ཟད། བོད་མི་མང་ཆེ་བས་ངོས་ལ་ཉན་འཇོག་བྱེད་ཀྱི་རེད། ངོས་རང་ཉིད་ནི་མི་དཀྱུས་མ་ཞིག་ཡིན། བོད་ཀྱི་གནད་དོན་ནི་བོད་མི་ས་ཡ་དྲུག་གི་གནད་དོན་ཞིག་ཆགས་ཡོད། འོན་ཀྱང་རྒྱ་ནག་གཞུང་གིས་བོད་ཀྱི་གནད་དོན་འདི་ངོས་མི་སྒེར་གྱི་གནད་དོན་བཟོ་ཐབས་བྱེད་བཞིན་ཡོད། དུས་རབས་ ༢༠ པ་དེ་དམག་འཁྲུག་གི་དུས་རབས་ཤིག་ཡིན་པ་དང། དུས་རབས་ ༢༡ འདི་གྲོས་མོལ་དང་ཞི་བདེའི་དུས་རབས་ཤིག་བཟོ་དགོས། ཞི་བདེ་ཞེ་ན་རྩོད་རྙོག་མེད་པ་ཞིག་མིན། འོན་ཀྱང་རྩོད་རྙོག་སེལ་ཐབས་ཀྱི་དམིགས་ཡུལ་དེ་ཕན་ཚུན་གཉིས་ཐད་ནས་ངོས་ལེན་བྱེད་ཐུབ་པ་དང་གཉིས་སྨན་གྱི་ཐབས་ལམ་ཞིག་འཚོལ་ཐབས་བྱེད་དགོས། ཞེས་སོགས་ཀྱི་བཀའ་སློབ་སྩལ་ཡོད། གཟེངས་རྟགས་འདི་བཞིན་དེ་སྔ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་ཀོ་ཕི་ཨ་ནན་དང་། ཇར་མན་སྲིད་བློན་ལྕམ་ཨེན་ཇི་ལ་མར་ཁེལ། དེ་བཞིན་ཨི་སི་རཱ་ཨིལ་གྱི་སྲིད་འཛིན་ཤི་མོན་པེ་རི་སི་བཅས་ལ་ཐོབ་མྱོང་ཡོད་འདུག་པ་བཅས།།