༢༠༡༠ ཟླ་ ༩ ཚེས་ ༧ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༡༠ ཟླ་ ༩ ཚེས་ ༦ རེས་གཟའ་ཟླ་བའི་ཉིན་༸གོང་ས་མཆོག་གདན་ཞུའི་གོ་སྒྲིག་ཚོགས་ཆུང་ནས་གནས་ཚུལ་སྤེལ་གསལ་ལྟར་ན། འདི་ལོའི་ཕྱི་ཟླ་ ༩ ཚེས་ ༡༨ དང་ ༡༩ བཅས་ཉིན་གཉིས་རིང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཡུ་རོབ་ཧང་གྷ་རིའི་(Hungary) རྒྱལ་ས་བྷུ་ཌ་པེསི་ནང་ཆིབས་སྒྱུར་བསྐྱང་སྟེ་ (Papp La`szlo Budapest) ཞེས་པའི་རྩེད་ཐང་དུ་བོད་ཀྱི་ནང་ཆོས་ངོ་སྤྲོད་དང་འབྲེལ་གསུང་ཆོས་དང་བཀའ་དབང་སྩལ་གནང་མཛད་རྒྱུ་མ་ཟད། མང་ཚོགས་ལ་བཀའ་སློབ་སྩལ་གནང་མཛད་རྒྱུ་ཡིན་འདུག དེ་ཡང་༸གོང་ས་མཆོག་གདན་ཞུའི་གོ་སྒྲིག་ཚོགས་ཆུང་གིས་བརྗོད་པ་ལྟར་ན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ཟླ་ ༩ ཚེས་ ༡༧ ཕྱེད་ཡོལ་རྒྱལ་ས་བྷུ་ཏ་པེ་སི་(Budapest) ནང་ཆིབས་སྒྱུར་བསྐྱང་རྒྱུ་དང། གསུང་ཆོས་ཀྱི་ཕྱག་འཁྱེར་གྲངས་ ༢༢༤༠༠ ཙམ་བྲིན་ཟིན་པ་དང། གསུང་ཆོས་གནང་སའི་ཚོགས་ཁང་ནང་མི་གྲངས་ ༡༡༢༠༠ ཙམ་ཤོང་ཚད་ཡོད་འདུག གསུང་ཆོས་སྐབས་ཨུ་རུ་སུ་དང་རོ་མེ་ནི་ཡཱ། དེ་བཞིན་ཊན་སེལ་ཝེ་ནི་ཡའི་ (Transylvania) མངའ་ཁུལ་བཅས་ཁྱོན་རྒྱལ་ཁབ་འདྲ་མིན་ ༣༢ ཙམ་གྱི་མང་ཚོགས་ཕེབས་རྒྱུ་ཡིན་འདུག ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་གསུང་ཆོས་སྐབས་ཕྱག་འཁྱེར་མ་ཐོབ་པ་རྣམས་ལ་རིན་མེད་ཐོག་ (ESOGURU.COM) ཞེས་པའི་དྲ་རྒྱའི་ཐོག་གསུང་ཆོས་ཞུ་རྒྱུའི་མཐུན་རྐྱེན་སྐྲུན་རྒྱུ་ཡིན་སྐོར་གོ་སྒྲིག་ཚོགས་ཆུང་ནས་བརྗོད་ཡོད། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་གསུང་ཆོས་སྐད་རིགས་དྲུག་ཙམ་ནང་བསྒྱུར་ཏེ་རྒྱང་སྲིང་གནང་འཆར་འདུག དེ་ཡང་༸གོང་ས་མཆོག་གི་གསུང་ཆོས་གོ་སྒྲིག་ཚོགས་ཆུང་གིས་བརྗོད་པ་ལྟར་ན་ཕྱག་འཁྱེར་ཉོ་མཁན་བརྒྱ་ཆ་ ༡༠ ནང་པ་ཡིན་འདུག གཞན་ཡང་ཧང་གྷ་རིའི་རྒྱལ་ས་བྷུ་ཌ་པེ་སིའི་གྲོང་ཁྱེར་ལྷན་ཚོགས་ནས་བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མར་བྷུ་ཌ་པེ་སིའི་གྲོང་ཁྱེར་གྱི་ཆེ་མཐོའི་མི་སེར་གྱི་ཕྱག་འཁྱེར་འབུལ་ལམ་ཞུ་རྒྱུའི་གྲོས་ཆོད་དེ་བཞིན་ཕྱི་ལོ་ ༢༠༡༠ ཟླ་ ༨ ཚེས་ ༢༦ ཉིན་གཏན་འབེབ་གནང་འདུག གྲོས་ཆོད་དེ་འདྲ་ཞིག་འཇོག་པར་ཧང་གྷ་རི་ནང་པའི་ལྷན་ཚོགས་(Hungarian Buddhist Communities) ནས་རྒྱལ་ས་བྷུ་ཌ་པེ་སིའི་གྲོང་ཁྱེར་ལྷན་ཚོགས་ལ་ཐུགས་རྗེ་ཆེ་ཞུས་ཡོད། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལོ་ ༡༩༨༢ ལོར་ཡུལ་དེར་ཐོག་མར་༸ཞབས་སོར་འཁོད་པ་དང་ད་བར་ཐེངས་དྲུག་ཙམ་ཆིབས་སྒྱུར་བསྐྱངས་ཡོད། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ཚེས་ ༢༡ སྔ་དྲོར་རྒྱལ་ས་བྷུ་ཌ་པེ་སི་ནས་ཆིབས་ཐོན་མཛད་རྒྱུ་ཡིན་འདུག་པ་བཅས།།