༢༠༡༠ ཟླ་ ༩ ཚེས་ ༤ རེས་གཟའ་སྤེན་པ།
༄༅། །ཕྱི་ལོ་ ༢༠༡༠ ཟླ་ ༩ ཚེས་ ༢ རེས་གཟའ་ཕུར་བུའི་ཉིན་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་གཞིས་ཆགས་སུ་རྟེན་གཞི་བྱས་པའི་སེ་ར་ཐེག་ཆེན་གླིང་བྱེས་པ་གྲྭ་ཚང་གི་ཆོས་རའི་མདུན་ཐང་དུ་བཙན་བྱོལ་བོད་གཞུང་མང་གཙོ་དབུ་བརྙེས་ནས་མི་ལོ་ ༥༠ འཁོར་བའི་དུས་ཆེན་གྱི་མཛད་སྒོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་སྩལ་དོན། བཙན་བྱོལ་གྱི་སྒྲིག་འཛུགས་ཁག་དང་དེ་བཞིན་སེར་སྐྱ་མི་དམངས་རྣམ་པ་ཚོ། དེ་རིང་འདིར་མི་ལོ་ལྔ་བཅུ་ཕྱིན་པའི་མང་གཙོའི་དྲན་གསོ་དང་དུས་ཆེན་ཐོག་ལ་ཆེད་མངགས་ཕེབས་པའི་སྐུ་མགྲོན་རྣམ་པ་ཚོར་ཞུ་རྒྱུར། དོན་ཚན་དང་པོ་དེ་ངོས་ནས་མང་གཙོ་ལས་བསྟར་བྱས་ཏེ་ལོ་ལྔ་བཅུ་ཕྱིན་པའི་དྲན་གསོའི་དུས་ཚིགས་ཐོག་ཁྱེད་རྣམ་པས་གསེར་ཐམ་ཞིག་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ལྷག་པར་དུ་ཁྱེད་རང་ཚོས་འདི་འདྲ་ཞིག་གནང་རྒྱུ་འདི་བོད་སྐད་ཐོག་ཞུས་པ་ཡིན་ན་དགའ་དད་སྤྲོ་གསུམ་ཞེས། དད་པ་དང་དམ་ཚིག་གཡོ་བ་མེད་པའི་ཐོག་ནས་གནང་བ་རེད། འདྲ་ཆགས་ཆགས་དང་མི་གནང་ཀ་མེད་ཆགས་ནས་གནང་བའང་མ་རེད། དགའ་ཞིང་སྤྲོ་བཞིན་དང་དུ་བླང་ནས་གནང་བ་ཡིན་དུས་ཐུགས་རྗེ་ཆེ་ཞུ་འདོད་བྱུང། དེ་རིང་དུས་ཚེས་ཁྱད་པར་ཅན་འདིའི་ཐོག་འདི་ག་མངའ་སྡེའི་གཞུང་གི་བློན་ཆེན་མཆོག་ཆེད་མངགས་ཕེབས་ཏེ་ཞྭ་མོ་འདི་འདྲ་ཞིག་གསོལ་རས་གནང་བྱུང། སྔ་མོ་རྒྱ་གར་གྱི་སྲིད་འཛིན་སྐུ་ཞབས་རཱ་ཌ་ཀི་རི་ཤི་ཎ་ (Dr.RadhaKrishna) མཆོག་གིས་དབུ་ཞྭ་འདི་འདྲ་ཞིག་བཞེས་བཞུགས་ཀྱི་ཡོད། ཁོང་མཁས་དབང་རེད། དེ་རིང་ངོས་རང་ལ་ཞྭ་མོ་འདིས་ཁོང་གི་རྣམ་པ་དེ་གསལ་པོ་ཞེ་དྲག་དྲན་བྱུང། ཁོང་ལ་རྒྱ་གར་གྱི་གནའ་རབས་ཤེས་ཡོན་ཡོད་པའི་ཐོག་ཨོ་སི་ཕོཌ་ལ་སློབ་སྦྱོང་གནང་སྟེ་མཁས་དབང་ཆགས་ཡོད། ངོས་ལ་དེ་འདྲའི་སློབ་སྦྱོང་མེད། འོན་ཀྱང་ངོས་ཀྱི་སློབ་སྦྱོང་བྱས་པའི་གཞུང་ལུགས་ཀྱི་རྩ་བ་དེ་དག་ཕྱོགས་གཅིག་ནས་ནཱ་ལེནྡྲའི་རྒྱ་གར་མཁས་པ་ཚོས་མཛད་པ་དང་། དེའི་ནང་མང་པོ་ཞིག་རྒྱ་གར་ལྷོ་ཕྱོགས་ནས་ཕེབས་པའི་མཁས་པ་ཚོས་མཛད་པ་ཆགས་ཡོད། ངོས་ཀྱིས་རྒྱ་གར་གྲོགས་པོ་ཚོར་རྟག་པར་ཤོད་ཀྱི་ཡོད། སྤྱིར་རྒྱ་གར་འདི་ང་ཚོའི་ཆོས་ཀྱི་འབྱུང་ཁུངས་ཡིན་པ་དང་། རྒྱ་གར་མཁས་དབང་དེ་ཚོ་ང་ཚོའི་བླ་མ་དང་། ང་ཚོ་ཁོང་རྣམ་པའི་དགེ་ཕྲུག་རེད་ཅེས་བརྗོད་ཀྱི་ཡོད། དེ་བདེན་པ་རེད། དེའི་ནང་ཚན་ནས་ནཱ་ལེནྡྲའི་དབུ་མ་དང་ཚད་མའི་གཞུང་གི་མཁས་པ་མང་པོ་ཞིག་རྒྱ་གར་ལྷོ་ཕྱོགས་ནས་བྱུང་བ་རེད། དེར་བརྟེན་ངོས་ཀྱིས་རྒྱུན་དུ་རྩེད་མོ་དང་སྦྲགས་རྒྱ་གར་ལྷོ་ཕྱོགས་ཀྱི་མིའི་ཀླད་པ་ཏོག་ཙམ་མི་འདྲ་བ་ཞིག་ཡོད་པ་འདྲ་ཞེས་ཤོད་ཀྱི་ཡོད། ཞྭ་མོ་འདི་རྒྱ་གར་ལྷོ་ཕྱོགས་ཀྱི་ཞྭ་མོ་རེད། ངོས་རང་ནཱ་ལེནྡྲའི་རྗེས་འབྲངས་ཤིག་ཡིན་པའི་ངོས་ནས་མཁས་པ་མང་པོ་ཞིག་རྒྱ་གར་ལྷོ་ཕྱོགས་ནས་ཕེབས་པ་ཞིག་ཡིན་དུས་དེ་རིང་འདིར་རྒྱ་གར་ལྷོ་ཕྱོགས་ཀྱི་ཞྭ་མོ་གྱོན་རྒྱུ་བྱུང་བར་སྐལ་པ་བཟང་པོ་རེད། ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། དེ་རིང་གི་དུས་ཚིགས་འདིའི་ཐོག་ཆེད་མངགས་རྒྱལ་ཁབ་ཁག་མང་པོ་ཞིག་གི་སྐུ་མགྲོན་འདིར་ཕེབས་ཏེ་ཁྱེད་རང་ཚོ་ཕྱོགས་གཅིག་ནས་དུས་ཚོད་བྲེལ་བ་ཞེ་དྲག་ཡོད། གཉིས་ནས་རྒྱ་གར་ནང་དུ་ཕེབས་རྒྱུ་ཐག་རིང་པོ་རེད། གསུམ་ནས་ཆབ་སྲིད་ཀྱི་གནོན་ཤུགས་དེ་འདྲ་ཡོང་གི་ཡོད། འོན་ཀྱང་བདེན་པ་ལ་རྒྱབ་སྐྱོར་གནང་རྒྱུར་སྙིང་སྟོབས་དགོས་ཀྱི་ཡོད། འཛེམས་ཟོན་མེད་པ་བདེན་པ་བདེན་གཏུགས་དྲང་བདེན་གྱི་ལངས་ཕྱོགས་བརྟན་པ་དགོས་ཀྱི་ཡོད། ཁོང་ཚོས་དེ་ལག་ལེན་བསྟར་གྱི་ཡོད། དེ་འདྲའི་ཐོག་ནས་དེ་རིང་འདིར་ཕེབས་པ་ཙམ་དུ་མ་ཟད། དོན་སྨིན་ལྡན་པ་སྐབས་བབ་ཀྱི་གནས་ཚུལ་ལ་ཏག་ཏག་རན་པའི་གསུང་བཤད་གནང་བས་སེམས་ཤུགས་བསྐྱེད་རྒྱུ་དང་། ང་ཚོའི་བདེན་པའི་གནས་ཚུལ་དེ་ཇེ་གསལ་དུ་གཏོང་རྒྱུའི་བཀའ་སློབ་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཁྱེད་རང་ཚོ་དེ་རིང་འདིར་ཕེབས་ཏེ་བོད་སྐད། བཀྲ་ཤིས་བདེ་ལེགས་ཟེར་བ་དང་། བོད་རྒྱལ་ལོ་ཟེར་བའི་ཚིག་གཉིས་ཤེས་འདུག ཁོང་ཚོ་མང་པོ་ཞིག་ང་ཚོ་ལོ་མང་རིང་ནས་ངོ་ཤེས་ཡིན། གྲོགས་པོ་བློས་ཐུབ་རེད། རྡ་སར་ང་ཚོ་ཐེངས་འགའ་ཤས་མཇལ་ཡོད། དེ་རིང་རྒྱ་གར་ལྷོ་ཕྱོགས་གཞིས་ཆགས་ཆེ་ཁག་གཅིག་དང། དེའི་ཐོག་ལ་ལོ་སྟོང་ཕྲག་རིང་གི་སྲོལ་རྒྱུན་གྱི་(Monastic Institution) དགེ་འདུན་གྱི་གཙུག་ལག་སློབ་གཉེར་ཁང་། དཔལ་ནཱ་ལེནྡྲའི་ཕྱག་སྲོལ་ཇི་བཞིན་སློབ་ཁྲིད་བྱ་རྒྱུ་ཡོད་པའི་གཙུག་ལག་སློབ་གཉེར་ཁང་གལ་ཆེ་བ་འགའ་ཤས་འདིར་ཡོད། ད་ལྟ་བུ་ཡོད་སའི་ས་གནས་འདིར་དུས་ཆེན་འདི་ཚོགས་སྐབས་ཁྱེད་རང་ཚོ་ཕེབས་ཡོད་པར་སོང་། ས་གནས་འདིའི་གནས་ཚུལ་ཁྱེད་རང་ཚོས་གཟིགས་རྒྱུ་བྱུང་ཡོད། ང་ཚོ་འདིར་བཙན་བྱོལ་བ་ཆགས་ཏེ་ལོ་ ༥༡ དེའི་རིང་ལ་བོད་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག མདོར་ན་རང་ཉིད་ཀྱི་མི་རིགས་བུ་རྒྱུད་གཙང་མ་ཞིག་ཡོང་ཐུབ་རྒྱུའི་དམིགས་ཡུལ་བཞག་སྟེ་གཞིས་ཆགས་འདི་དག་བཙུགས་པ་རེད། ཁྱིམ་ཚང་རེ་རེའི་འཕྲལ་སེལ་གྱི་ལྟོ་གོས་རང་མགོ་གང་ཐོན་མིན་པར། སྤྱིའི་སྒྲིག་འཛུགས་ཤིག་ལ་རེ་བ་བརྒྱབ་སྟེ་དྲུག་ཅུ་ནང་ནས་འགོ་བཙུགས་པ་རེད། ད་ལྟ་བར་ཡག་ཐག་ཆོད་བྱུང་ཡོད། གནས་སྟངས་འདི་དག་ད་རེས་ཁྱེད་ཚོས་གཟིགས་ཐུབ་པ་དེས་ང་ཚོ་བོད་མི་བཙན་བྱོལ་བ་ཚོས་བོད་མི་རིགས་ཀྱི་རིག་གཞུང་དང་བཅས་པ་གང་འདྲ་བྱས་ཏེ་རྒྱུན་འཛིན་བྱེད་ཀྱི་ཡོད་པ། བཙན་བྱོལ་བ་རེད་དེ་རང་དབང་ལུང་པའི་ནང་བྱེད་ཐབས་གང་འདྲ་བྱས་ཡོད་པ་དེ་དག་ད་རེས་ཁྱེད་ཚོས་གཟིགས་རྒྱུའི་གོ་སྐབས་བྱུང་ཡོད། འདས་པའི་ལོ་ ༥༡ ཕྱིན་པ་དེའི་རིང་ལ་ང་ཚོ་རྒྱ་གར་ནང་དུ་ཡོད་པའི་བོད་མི་བཙན་བྱོལ་བ་ཚོའི་མི་རབས་བརྗེས་འགྲོ་གི་ཡོད། འོན་ཀྱང་མི་རབས་གསར་པ་ན་གཞོན་བྱིས་པ་ཕོ་མོ་ཚོའི་ལུས་པོ་འཚར་ལོངས་བྱས་པ་དང་ཆབས་ཅིག་སེམས་ཀྱི་འཚར་ལོངས་དེ་ཡང་ཉིན་རེ་བཞིན་ཡར་རྒྱས་འགྲོ་བ་དང་ལྷན་བོད་པའི་རྣམ་པ་ཆ་ཚང་ཡོད་པའི་ཐོག་ནས་བསྡད་ཡོད། དེ་ཡང་རྒྱ་གར་ཙམ་མ་ཟད། ཨ་རི་དང་། ཁེ་ཎ་ཌ། སུད་སི་ལྟ་བུ་ཡུ་རོབ་ཀྱི་ཡུལ་གྲུའི་ནང་དང་དེ་བཞིན་ཨོ་སི་ཊོ་ལི་ཡའི་ནང་རེད། བོད་པ་བརྒྱ་ཕྲག་དང་སྟོང་ཕྲག་འགའ་ཤས་ཡོད་སར་ཕལ་ཆེ་བར་སོ་སོའི་བོད་པའི་མི་རིགས་ཀྱི་རྣམ་པ་བཟུང་ནས་བསྡད་ཡོད། སྐབས་རེ་དཀའ་ངལ་ཡོད། འོན་ཀྱང་གཞོན་སྐྱེས་འཚར་ལོངས་བྱེད་མཁན་ཚོ་རྒྱ་གར་ནང་ཡོད་པའི་བོད་པའི་གཞོན་སྐྱེས་ལྟར་བོད་སྐད་རྟག་པར་རྒྱག་རྒྱུ་མེད་རྐྱེན་བོད་སྐད་ཤེས་མ་ཤེས་ཡོང་གི་རེད། འོན་ཀྱང་རྩ་བའི་བོད་པ་ཡིན་བསམ་པའི་འདུ་ཤེས་དང་། འདུ་ཤེས་དེ་དང་འདྲེས་ནས་བོད་མིའི་རང་དབང་གི་འཐབ་རྩོད་ཐོག་ཧ་ལས་པའི་སེམས་ཤུགས་ཆེན་པོ་རེད། འདས་པའི་ལོ་ ༥༡ རིང་ང་ཚོ་བཙན་བྱོལ་དུ་ཡོད་པའི་བོད་པ་རྣམས་མི་རབས་བརྗེས་འགྲོ་ཡོད་ཀྱང་བོད་མི་རིགས་ཀྱི་རིག་གཞུང་དང་འཚེ་མེད་ཞི་བའི་ལྟ་གྲུབ། བྱམས་བརྩེ། དེ་བཞིན་བོད་མི་རིགས་ཀྱི་བདེན་པའི་འཐབ་རྩོད་དེ་དག་མི་རབས་ནས་མི་རབས་བར་རྒྱུན་འཛིན་ཐུབ་རྒྱུར་གདེང་འཁེལ་བ་ཞིག་ཡིན། གཞིས་ལུས་རྒྱ་ཆེའི་མི་མང་ལ་ཆ་བཞག་ན། འདས་པའི་ལོ་ ༥༠། ༦༠ དེའི་རིང་ལ་དཀའ་ངལ་དཔག་ཏུ་མེད་པ་འཕྲད་ཡོད། དུས་ད་ལྟ་ཡིན་ཡང་དངངས་སྐྲག་དང་འཇིགས་སྣང་འོག་བསྡད་ཡོད། འོན་ཀྱང་ཇི་ཙམ་གྱིས་དངངས་སྐྲག་དང་འཇིགས་སྣང་ཡོད་པ་དེ་ཚོད་ཀྱིས་མི་རིགས་ཀྱི་ལྟ་བ་དེ་ཤུགས་ཆེ་རུ་དང་གཏན་དུ་འགྲོ་བཞིན་ཡོད། འདས་པའི་ལོ་ ༥༠།༦༠ དེའི་ནང་དངོས་ཡོད་ཀྱི་གནས་ཚུལ་དེས་ག་རེ་མཚོན་གྱི་ཡོད་དམ་ཞེ་ན། རྒྱ་ནག་གུང་ཁྲན་ཏང་གི་གཞུང་ནས་དངོས་ཡོད་ཀྱི་གནས་ཚུལ་ཁས་ལེན་དང་བསྟུན་པའི་གཉིས་ཕན་གྱི་ཐབས་ལམ་ཐོག་ནས་དཀའ་ངལ་སེལ་རྒྱུ་མ་གཏོགས་མཐའ་གཅིག་ཏུ་དྲག་གནོན་བྱས་ཏེ་བོད་ཀྱི་དཀའ་ངལ་ནམ་ཡང་སེལ་ཐུབ་ཀྱི་མ་རེད། ཅེས་ངོས་ཀྱིས་དེ་རིང་གྲོགས་པོ་ཚོའི་མདུན་དུ་བརྗོད་འདོད་བྱུང། གྲོགས་པོ་ཁྱེད་རྣམ་པ་ཚོ་ཡིན་ནའང་དུས་ད་ལྟ་བར་དུ་བོད་པའི་བདེན་རྒྱབ་བྱས་ནས་བཞུགས་པ་རེད། ང་ཚོ་བོད་པར་རྒྱབ་སྐྱོར་བྱེད་མཁན་དེ་དག་ང་ཚོ་བོད་པའི་ཕྱོགས་སྲུང་སྟེ་རྒྱབ་སྐྱོར་གནང་བ་ཞིག་མ་རེེད། ང་ཚོ་བོད་པའི་འཐབ་རྩོད་དེ་བདེན་པའི་འཐབ་རྩོད་ཡིན་སྟབས་བདེན་པར་རྒྱབ་སྐྱོར་གནང་མཁན་ཞིག་རེད་མ་གཏོགས་ཕྱོགས་ལྷུང་ཐོག་ནས་བོད་པར་རྒྱབ་སྐྱོར་བྱས་པ་ཞིག་མིན། ཞེས་ངོས་ཀྱིས་རྟག་པར་བརྗོད་ཀྱི་ཡོད། ཁྱེད་རྣམས་ནས་ད་ལྟ་བར་དུ་བདེན་རྒྱབ་གནང་བ་དེས་བོད་མིའི་སེམས་ཤུགས་གོང་འཕེལ་གཏོང་རྒྱུར་ཕན་ཡོད། དེ་བཞིན་འཛམ་གླིང་འདིའི་སྟེང་བློ་གཟུ་བོར་གནས་པའི་འབུམ་ཕྲག་ས་ཡ་མང་པོར་བོད་པའི་བདེན་པའི་གནས་ཚུལ་རྟོགས་རྒྱུར་ཕན་ཐོགས་རྒྱ་ཆེན་པོ་བྱུང་ཡོད། ལྷག་པར་རྒྱ་ནག་མི་མང་དུང་ཕྱུར་བཅུ་གསུམ་ཡོད་པའི་ནང་རྒྱ་གཞུང་ནས་གསར་འགྱུར་དམ་བསྒྲགས་ཤུགས་ཆེ་བྱེད་པ་དང་། གནས་ཚུལ་ག་རེ་ཡིན་ནའང་འཁྱོག་བཤད་བྱེད་ཀྱི་ཡོད་ཀྱང། དེང་གི་ཆར་འཛམ་གླིང་ཕྱི་ཕྱོགས་དང་འབྲེལ་ལམ་རྒྱ་ཆེ་ཆགས་ཡོད་པ་དང་། དེ་མིན་འཕྲུལ་ཆས་དང་དྲ་རྒྱའི་ཐོག་ནས་གནས་ཚུལ་ག་རེ་ཡིན་ཡང་གོ་ཐུབ་རྒྱུ་ཆགས་ཡོད་པར་བརྟེན། རྒྱ་ནག་མི་མང་ནང་བོད་ཀྱི་བདེན་པའི་གནས་ཚུལ་ཤེས་རྒྱུར་ཁྱེད་རྣམ་པའི་རྒྱབ་སྐྱོར་དང་འཛམ་གླིང་ཕྱི་ལོག་ནས་དོ་སྣང་ཤུགས་ཆེན་པོ་ཡོད་པ་དེས་ཕན་ཐོགས་ཆེན་པོ་བྱུང་ཡོད། དེར་བརྟེན་ཁྱེད་རྣམས་ནས་ད་ལྟ་བར་དུ་རྒྱབ་སྐྱོར་གནང་བ་དེ་དག་ལ་ངེས་པར་དུ་གྲུབ་འབྲས་ཐོན་རྒྱུ་ཡིན་པ་ཧ་ལམ་བརྒྱ་ཆ་བརྒྱ་ཐམ་པ་བརྗོད་ཐུབ་ཀྱི་རེད། གཙོ་ཆེ་ཤོས་རྒྱ་ནག་རང་གི་ནང་ལ་ཆ་བཞག་ན་འདས་པའི་ལོ་དྲུག་ཅུ་དེའི་རིང་ལ་ཧ་ལས་པའི་འགྱུར་བ་ཕྱིན་ཡོད། སྔ་མོ་ཕྱི་ལོ་ ༡༩༥༤། ༡༩༥༥ ངོས་རང་རྒྱ་ནག་ཏུ་བསྐྱོད་སྐབས་ཀྱི་རྒྱ་ནག་དང་དེང་སང་གི་རྒྱ་ནག་བསྡུར་ཐབས་མེད། འགྱུར་བ་ཞེ་དྲག་ཕྱིན་ཚར་བ་རེད། འཛམ་གླིང་སྤྱིའི་ཆ་ནས་ཡིན་ནའང་འགྱུར་བ་ཞེ་དྲག་ཕྱིན་ཚར་བ་རེད། དེ་རིང་འདིར་ཕེབས་པའི་སྔ་མོ་ཡུ་རོབ་ཤར་ཕྱོགས་ཀྱི་ཀོ་རོ་ཤི་ཡ་དང་པོ་ལེན་ཌིར་ཆ་བཞག་ནའང་དེ་སྔ་ང་ཚོ་ནང་བཞིན་དཀའ་ངལ་མྱོང་བ་ཞིག་རེད། ཡིན་ནའང་ད་ཆ་རང་དབང་ཐོབ་ཡོད། དེ་བཞིན་ལྷོ་ཨ་ཕི་རི་ཀ་ཆ་བཞག་ནའང་དེ་སྔ་མི་རིགས་དབྱེ་འབྱེད་ཆེན་པོའི་འོག་དཀའ་ངལ་ཞེ་དྲག་མྱང་ཡོད། དེ་དག་ལའང་འགྱུར་བ་ཕྱིན་ཡོད། འཛམ་གླིང་སྤྱི་ཡོངས་སུ་འགྱུར་བ་ཆེན་པོ་ཕྱིན་ཡོད། རྒྱ་ནག་ནང་ལ་ཆ་བཞག་ནའང་འགྱུར་བ་ཞེ་དྲག་ཕྱིན་ཡོད། ཉེ་ཆར་རྒྱ་ནག་ནང་ཤེས་ཡོན་ཅན་གྱི་མི་སྣ་ཙམ་དུ་མ་ཟད། གུང་ཁྲན་ཏང་གི་དབང་འཛིན་པའི་ནང་ནས་ཀྱང་ད་ཆ་ཆབ་སྲིད་ཀྱི་འགྱུར་བ་གཏོང་དགོས་པའི་འབོད་སྒྲ་ཟེར་ཡང་འདྲ། གང་ལྟར་གཏམ་ཞིག་སླེབ་ཡོང་གི་ཡོད། འགྱུར་བ་ཧ་ཅང་ཆེན་པོ་རེད། དཔེར་ན། ལོ་ ༥༠ །༦༠ གོང་ལ་ཡིན་ན་དེ་འདྲའི་གཏམ་གླེང་མཁན་བྱུང་ན་ལམ་སེང་བཙོན་ཁང་ནང་གདན་འདྲེན་ཞུ་རྒྱུ་རེད། ད་ཆ་དེ་འདྲ་མི་འདུག ཏང་གི་འགོ་ཁྲིད་ནང་ལ་ཆབ་སྲིད་ཀྱིས་འགྱུར་བ་གཏོང་དགོས་པ་དང་། མི་རིགས་ཀྱི་སྲིད་བྱུས་དེར་བསྐྱར་ཞིབ་བྱེད་དགོས་ཀྱི་འདུག་ཟེར་བའི་སྐད་ཆ་ཐོན་བཞིན་ཡོད། དེ་དག་ནི་ཧ་ལས་པའི་འགྱུར་བ་རེད། བདེན་པ་ཟེར་བ་དེ་ག་དུས་ཡིན་ནའང་འགྱུར་བ་མེད་པ་ཞིག་རེད། ང་ཚོ་བོད་པའི་གནས་ཚུལ་ལ་ཆ་བཞག་ན་ལོ་དེ་ཙམ་སོང་རྗེས་སུའང་འགྱུར་བ་འགྲོ་གི་མེད། གང་ཡིན་བརྗོད་ན་ང་ཚོར་བདེན་པ་ཡོད། ཕྱི་གསལ་ནང་གསལ་བྱེད་བཞིན་ཡོད། མི་གཅིག་གི་མདུན་དུ་སྐད་ཆ་མི་འདྲ་བ་གཅིག་བཤད། རྒྱ་མི་གཅིག་ཐུག་ན་སྐད་ཆ་མི་འདྲ་བ་གཅིག་བཤད། བོད་པ་ཐུག་ན་སྐད་ཆ་མི་འདྲ་བ་གཅིག་བཤད། གྲོགས་པོ་གཅིག་ཐུག་ན་སྐད་ཆ་མི་འདྲ་བ་གཅིག་བཤད། དེ་འདྲ་བྱེད་དགོས་རྒྱུ་མེད། གང་ལྟར་མི་མཐོ་དམའ་སུ་འདྲ་ཞིག་ཐུག་ཀྱང་སྐད་ཆ་གཅིག་ཤོད་ཀྱི་ཡོད། གང་ཡིན་བརྗོད་ན་ང་ཚོར་བདེན་པ་ཡོད། ཕྱི་གསལ་ནང་གསལ་སྒང་འགྲོ་གི་ཡོད། འདི་ང་ཚོའི་ནུས་པ་དང་སྟོབས་ཤུགས་ཡིན། སྟོབས་ཤུགས་མེ་མདར་བརྟེན་རྒྱུ་ཟེར་བ་དེ་འཕྲལ་སེལ་རེད། དེ་ཕུགས་རྒྱང་རིང་པོ་ཞིག་ཁུངས་འཁྱོལ་ཐུབ་རྒྱུ་མེད། འཛམ་གླིང་སྒྱུ་མའི་གྲོང་ཁྱེར་གྱི་སྡིངས་ཆ་འདིའི་སྒང་ལ་གསལ་པོ་ཞེ་དྲག་བསྟན་ཚར་བ་རེད། མེ་མདའ་དང་དྲག་པོའི་སྟོབས་ཤུགས་ཟེར་རྒྱུ་དེ་འཕྲལ་སེལ་རེད་མ་གཏོགས་ཕུགས་རྒྱང་རིང་པོར་ཁུངས་འཁྱོལ་ཐབས་མེད་པ་དེ་གསལ་པོ་ཞེ་དྲག་རེད། གཅིག་ཤོད་བདེན་པའི་རྒྱུ་མཚན་གྱི་ཐོག་ནས་ཕྱི་གསལ་ནང་གསལ་གྱི་འཐབ་རྩོད་བྱེད་པའི་ནུས་པ་དེ་ནམ་ཡང་བརླག་རྒྱུ་མེད། དེར་བརྟེན་ཏན་ཏན་འགྱུར་བ་འགྲོ་རྒྱུ་ངེས་པ་རེད། ལོ་ག་དུས་ཡོང་གི་རེད་དམ་བརྗོད་རྒྱུ་ཁག་པོ་རེད། ང་ཚོར་རྒྱ་སྐྱོར་གནང་མཁན་ཚོ་ཡིན་ནའང་སེམས་ཤུགས་མ་ཆག་པར་ད་ལྟ་བཞིན་རྒྱབ་སྐྱོར་གནང་རོགས་ཞུ་རྒྱུ་ཡིན། ང་ཚོ་བོད་པར་ཆ་བཞག་ནའང་ད་ལྟ་ནང་བཞིན་བྱས་ནས་ཚང་མས་སེམས་ཤུགས་བསྐྱེད་དེ་ཧུར་ཐག་གནང་རོགས་ཞུ་རྒྱུ་ཡིན།
ང་ཚོ་བཙན་བྱོལ་བ་ཐོག་མར་ཆགས་སྐབས་པཎྜི་ཏ་ནེ་རུ་(Pt.Nehru) ཡོད། ཁོང་གིས་བོད་ཀྱི་གནས་ཚུལ་མཁྱེན་གྱི་ཡོད། འོན་ཀྱང་སྐབས་རེ་དངོས་ཡོད་གནས་ཚུལ་དགོངས་པར་ཡོད་པ་བཞིན་གནང་ཐུབ་མིན་དེ་གནས་ཚུལ་ཁག་ཁག་རེད། དེ་འདྲའི་ཐོག་ནས་གང་ལྟར་དཀའ་ངལ་འཕྲད་ཡོད། མཐར་ཕྱི་ལོ་ ༡༩༥༩ ལོར་ང་ཚོ་བཙན་བྱོལ་བ་ཆགས་སྐབས་ཁོང་སྐུ་སྒེར་གྱི་ངོས་ནས་རྒྱ་གར་སྲིད་བློན་གྱི་མཚན་ཐོག་ནས་མིན་པར་དམིགས་བསལ་བོད་པའི་ཐོག་ལ་ཤ་ཚ་དང་ཐུགས་ཁུར་བཞེས་ཡོད། དེས་དྲིན་ལ་བརྟེན་ནས་ང་ཚོ་རྒྱ་གར་ནང་དུ་ཤེས་ཡོན་སྐོར་ཡིན་ནའང་རེད། གཞིས་ཆགས་དང་ཆོས་སྡེ་ཁག་ཡིན་ནའང་རེད། དེ་འདྲ་ཞིག་བཙུགས་ཐུབ་ཡོད། བྱེ་བྲག་ཀ་ཎ་ཊ་ཀ་མངའ་སྡེ་སྐབས་དེར་མེ་སོར་མངའ་སྡེ་རེད། སྐབས་དེར་མེ་སོར་མངའ་སྡེའི་བློན་ཆེན་སྐུ་ཞབས་ནི་ཇི་ལིང་ག་པ་རེད། ཁོང་ངོས་དང་ཕྱི་ལོ་ ༡༩༥༦ ལོར་རྒྱ་གར་དུ་སངས་རྒྱས་མྱང་འདས་ཀྱི་དུས་ཆེན་དུ་ཡོང་སྐབས་ངོས་ཀྱི་ངོ་ཤེས་པ་རེད། ཁོང་བོད་པར་ཤུགས་ཆེན་པོས་གདུང་སེམས་མཉམས་སྐྱེ་དང་རྒྱབ་སྐྱོར་གནང་མཁན་ཞིག་རེད་འདུག ཕྱི་ལོ་ ༡༩༥༩ ལོར་ང་ཚོ་བཙན་བྱོལ་བ་ཆགས། ཕྱི་ལོ་ ༡༩༦༠ ལོར་གཞིས་ཆགས་ཀྱི་ས་ཆ་པཎྜི་ཏ་ནེ་རུས་འབོད་སྐུལ་གནང་སྐབས་དང་ལེན་བྱེད་མཁན་ཤུགས་ཆེ་ཤོས་དེ་ཀ་ཎ་ཊ་ཀ་མངའ་སྡེ་ཆགས་ཡོད། དེ་འདྲ་ཡིན་དུས་ཡང་བསྐྱར་འདིར་གཙོ་བོ་རྒྱ་གར་དབུས་གཞུང་རེད་། ཡང་སྒོས་ཀ་ཎ་ཊ་ཀ་མངའ་སྡེར་ཐུགས་རྗེ་ཆེ་ཞུ་འདོད་བྱུང། དེ་ནས་དེ་རིང་འདིར་མང་གཙོའི་ལས་འགུལ་བཙུགས་ནས་ལོ་ ༥༠ ཐམ་པ་ཕྱིན་པའི་དུས་དྲན་དང་ཆབས་ཅིག་འདིར་ཉིན་ཤས་རིང་བོད་མིའི་གཞིས་ཆགས་ཁག་རེད། དེ་བཞིན་ཕྱི་རྒྱལ་ཡུལ་གྲུ་ཁག་ནང་ཡོད་པའི་བོད་པའི་འཐུས་མི་དེ་འདྲ་ཡོང་ནས་དེ་རིང་འདིར་བདུན་གཅིག་ཙམ་རིང་གང་ཅིའི་ཐོག་གོ་བསྡུར་བྱེད་རྒྱུ་དེ་དག་ཡག་པོ་ཞེ་དྲག་བྱུང་འདུག ས་གནས་ས་ཐོག་ནས་མཐུན་འགྱུར་རྒྱབ་སྐྱོར་བྱེད་རྒྱུ་དེ་དག་ཀྱང་ཧ་ལས་པའི་ཡག་པོ་བྱུང་འདུག དེ་འདྲ་ཡིན་དུས་འདིར་གྲྭ་ཚང་རྣམས་དང་དེ་མིན་གྲོང་སྡེ་སོ་སོའི་སྐྱིད་སྡུག་ཚོ་ཡིན་ནའང་རེེད། ཚང་མས་ཞེ་དྲག་ཡག་པོ་གནང་འདུག་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
གཞན་དམིགས་བསལ་ཞུ་རྒྱུ་མེད། གོང་དུ་ཚོགས་གཙོའི་གསུང་བཤད་ནང་དངོས་ཡོད་གནས་ཚུལ་དེ་དག་ཆ་ཚང་འཁོད་ཡོད་པ་ཡག་པོ་ཞེ་དྲག་གསུང་སོང་། དེ་བཞིན་བཀའ་བློན་ཁྲི་པའི་ཐོག་ནས་གསུང་བཤད་ཞིབ་ཚགས་པོ། ད་ལྟ་ད་ལྟ་ང་ཚོའི་དགེ་དང་སྐྱོན་ཕྱོགས་ཚང་མའི་ཐོག་ནས་གནད་འགག་གང་འདྲ་ཆགས་ཡོད་མེད་གསལ་པོ་གསུངས་སོང། ངོས་ལ་སྣོན་མ་གང་ཡང་ཤོད་རྒྱུ་མེད། ཚང་མར་ཡང་བསྐྱར་ཐུགས་རྗེ་ཆེ་ཞུ་རྒྱུ་དང་གཞོན་སྐྱེས་ཚོ་སང་ཉིན་ཐུག་རྒྱུའི་དུས་ཚོད་ཡོད་པ་རེད། ད་ལྟ་འདིར་ཡོད་རྒན་འཁོགས་ལོ་ ༧༥ ཡན་དེ་དག་ཟུར་དུ་སྡོད་སའི་གྲ་སྒྲིག་བྱས་ནས་འདུག་པ་རྣམས་ངས་རྒྱུས་ཡོད་ཡིན། ཐོག་མ་དྲུག་ཅུ་རེ་གྲངས་ནས་ས་ཆ་འདིར་གཞིས་ཆགས་འགོ་ཚུགས་སྐབས། ཤིང་ནགས་གཅོད་འབྲེག་བྱེད་རྒྱུ་དང་ཚ་བ་ཆེན་པོ་དེའི་ནང་ཤིང་བཅད་ཟིན་པ་དེ་དག་མེར་སྲེག་བྱས་ཏེ་དཀའ་ལས་ཧ་ལས་བརྒྱབ་པ་རེད། དེ་དུས་ཁྱེད་ཚོ་སོ་ནམ་ལས་ཀ་བྱེད་སར་ངོས་ནས་ལྟ་བར་བསྐྱོད་ཡོད། ཉིན་གཅིག་རྨོ་གླང་གིས་རྡུང་གྲབས་ཀྱང་བྱས་བྱུང་། དེ་དུས་ཀྱི་མི་ཐོག་དེས་དངོས་གནས་དཀའ་ལས་ཧ་ལས་པ་བརྒྱབ་པ་རེད། གཞིས་ཆགས་བྷན་ངྡྷ་ར་ཚ་བ་ཆེན་པོ་ཡོད་པས་ངོས་བྷན་ངྡྷ་ར་སླེབས་སྐབས་སྡུག་སྐད་ཞེ་དྲག་རྒྱག་གི་འདུག ཚ་བ་འདིའི་ནང་ང་ཚོ་ལྷག་པ་མི་འདུག ཤི་ས་རེད། ས་གནས་ཤིག་ལ་སྤོ་རོགས་ཞེས་བརྗོད་བྱུང་། འགོ་སྟོད་ཨེ་ཀར་སྟོང་བཞི་རག་གི་ཡོད་པ་ཚོད་ལྟའི་སྟེང་བཞག་ཡོད། ལོ་གཉིས་པར་ངོས་འབྱོར་སྐབས་ཁྱེད་རང་ཚོ་ཤི་མི་འདུག ཅེས་རྩེད་མོ་དང་སྦྲགས་བརྗོད་པ་ཡིན། དེ་ལྟར་གཞིས་ཆགས་ཁག་འགོ་སྟོད་སྐབས་དཀའ་ལས་ཁག་པོ་བྱུང་ཡོད། སེམས་ཤུགས་ཆག་སྟེ་ཡིད་ཐང་ཆད་གྲབས་སྐབས་སུ་ངོས་འདིར་ཡོང་སྟེ་ཁྱེད་ཚོར་སེམས་གསོ་བཏང་བ་སོགས་བྱས་ཏེ་གཞིས་ཆགས་ཁག་ཚང་མ་ད་ཆ་ཡར་རྒྱས་ཡག་ཐག་ཆོད་ཕྱིན་ཡོད། ད་དུང་ཡིན་ནའང་ཡར་རྒྱས་གཏོང་དགོས། དེ་བཞིན་གྲོགས་པོ་རྣམ་པ་ཚོར་གཅིག་ཞུ་འདོད་བྱུང། ཁྱེད་རང་ཚོ་ཧོབ་སྟེ་འདིར་བསླེབས་སྐབས་དགོན་པ་ཧ་ཅང་ཆེན་པོ་ཡོད་ཙང་ད་ཆ་བོད་པ་ཚོར་དངུལ་འབེལ་པོ་ཞེ་དྲག་འདུག་དགོངས་པ་དེ་འདྲ་ཡོང་གི་རེད། ཡིན་ནའང་ངོས་ཀྱིས་དུས་རྒྱུན་དུ་དགོན་པ་གྲྭ་ཚང་རྫིག་པོ་བརྒྱབ་པ་དེ་ཚོ་ཏོག་ཙམ་རྒྱས་དྲག་འདུག་ཅེས་དང་པོ་ནས་སྐྱོན་བརྗོད་བྱེད་ཀྱི་ཡོད། འོན་ཀྱང་སྦྱིན་བདག་སོ་སོས་འགྲོ་སོང་བཏང་ནས་བྱུང་བ་ཡིན་ཙང་ངོས་ལ་བརྗོད་རྒྱུ་གང་མེད། ཡིན་ནའང་ཁྱེད་རང་ཚོའི་དགོངས་པར་གཞིས་ཆགས་ཡོངས་རྫོགས་གྲ་སྒྲིག་པོ་ཡོད་ས་རེད་བསམ་པ་དགོངས་རྒྱུ་མེད། གསེང་གསེང་ལ་ཁྱིམ་ཚང་སྐྱོ་པོ་དེ་འདྲ་ངོས་རང་གནམ་གྲུའི་ནང་ཡོང་སྐབས་མཐོང་གི་འདུག དགོན་པ་དེ་ཚོའི་གྲས་ཞེ་དྲག་གྲ་རྒྱས་པོ་འདུག འོན་ཀྱང་ཞིང་ཀའི་དཀྱིལ་ལ་གཞིས་ཆགས་ཐོག་མར་འཛུགས་སྐབས་ཀྱི་ཁང་པ་རྙིང་པ་དེ་འདྲའང་ད་དུང་འདུག ངོས་ལ་དུས་ཚོད་མེད་ཁར་གཟུགས་པོས་ལྕོགས་མ་ལྕོགས་ལ་བརྟེན་འགྲོ་ཐུབ་ཀྱི་མི་འདུག་ཀྱང་སྔ་མོ་ནས་གཞིས་འགོ་དང་ས་གནས་ཀྱི་ཚོགས་པ་སྐྱིད་སྡུག་ཡོད་པ་དེ་ཚོར་ཁྱིམ་ཚང་སྐྱོ་པོ་དེ་དག་ལ་ལྟ་རྟོག་ཡག་པོ་བྱས་ན་མ་གཏོགས་ཁྱོན་ནས་སྒྲིག་གི་མ་རེད་ཅེས་ཤོད་ཀྱི་ཡོད། ཁྱིམ་ཚང་སྐྱོ་པོ་དེ་ཚོའི་ཨ་མ་རྒན་གཅོང་དང་ཕྲུ་གུ་ཆུང་ཆུང་ཡང་ན་ཕྲུ་གུ་དབང་པོ་སྐྱོན་ཅན་ཡོད་པ་དེ་ཚོར་དམིགས་བསལ་དོ་སྣང་བྱས་ཏེ་ལྟ་རྟོག་མ་བྱས་ན་ང་ཚོའི་སྤྱི་ཚོགས་འདི་བྱམས་པ་དང་སྙིང་རྗེ་ཡོད་པའི་སྤྱི་ཚོགས་ཤིག་ཡིན་བརྗོད་བཞིན་དུ་སྐྱབས་མེད་མགོན་མེད་དེ་ཚོ་བདག་མེད་དུ་ལྷག་ཚེ་ང་ཚོས་ཁ་ནས་བརྗོད་བཞིན་པའི་བྱམས་བརྩེའི་སྤྱི་ཚོགས་ཟེར་རྒྱུ་དང་ལག་ལེན་ངོ་མ་གཉིས་མ་མཚུངས་པ་རེད། ཡིན་གཅིག་མིན་གཅིག་ཁྱེད་ཚོས་གཟབ་གཟབ་བྱས་ནས་ལྟ་དགོས། དཀའ་ངལ་ཡོད་པ་དེ་དག་ལ་དགོན་པ་གྲྭ་ཚང་དངུལ་ཏོག་ཙམ་ཡོད་མཁན་ཚོས་ལྟ་རྟོག་བྱ་རྒྱུའི་འགན་ཡོད། མཆོད་རྫས་རྫིག་པོ་དེ་འདྲ་བཟོ་གིན་སྡོད་པ་ལས་སྐྱོ་པོ་དེ་ཚོར་རོགས་པ་མང་ཙམ་བྱས་ན་བཅོམ་ལྡན་འདས་དགྱེས་པ་སྐྱེ་རྒྱུ་དེ་ཡག་གི་རེད། དེར་བརྟེན་དགོན་པ་གྲྭ་ཚང་ཚོས་འདི་དགོངས་པར་བཅངས། དགོན་པ་འཛུགས་སྐྲུན་བྱེད་པ་དང་ཆབས་ཅིག གལ་ཆེ་ཤོས་བསླབ་པ་སློབ་གཉེར་བྱས་ཏེ་ཁ་སང་བརྗོད་པ་ལྟར་གཟི་རྗིད་ཁོག་སྟོང་ལྟ་བུ་མིན་པ་བྱེད༌དགོས། གཉིས་ནས་སོ་སོའི་དགོན་པའི་འཁྲིས་ལ་ཡོད་པའི་ཁྱིམ་ཚང་སྐྱོ་པོ་དེ་ཚོར་ལྟ་རྟོག་དམིགས་བསལ་བྱ་རྒྱུ་དེ་རེད། དགོན་པ་གྲྭ་ཚང་ཚོར་སྦྱིན་བདག་མང་པོ་འདུག སྦྱིན་བདག་ཚོར་འབོད་སྐུལ་བྱས་ཏེ་ཁྱིམ་ཚང་སྐྱོ་པོ་འདུག་ཅེས་དེ་ཚོའི་མིང་དང་ལོ་རྒྱུས་བཀོད་དེ་རོགས་རམ་འཚོལ་ཐུབ་པ་ཡིན་ན་ཕན་ཐོགས་ཡོང་གི་རེད། དེ་བཞིན་གཡས་གཡོན་ནས་འཐུས་མི་ཕེབས་པ་ཚོར་འདི་ཞུ་འདོད་བྱུང། སྐྱོ་པོ་ད་དུང་ཡོད། ང་ཚོས་དཀའ་ངལ་སེལ་དགོས་པ་མང་པོ་ཡོད། ཕྱོགས་མཚུངས་སློབ་གྲྭ་ཁག་དེ་ཚོ་ད་དུང་སྤུས་དག་ཏུ་གཏོང་རྒྱུའི་མཚོན་པའི་ལས་ཀ་མང་པོ་ཞེ་དྲག་ཡོད། གཞན་ཞུ་རྒྱུ་གང་ཡང་མེད། ཐུགས་རྗེ་ཆེ་བཀྲ་ཤིས་བདེ་ལེགས་ཞེས་བཀའ་སློབ་སྩལ་ཡོད།