༢༠༡༠ ཟླ་ ༩ ཚེས་ ༧ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༡༠ ཟླ་ ༩ ཚེས་ ༦ རེས་གཟའ་ཟླ་བར་ཉིན་རེའི་གསར་འགྱུར་དང་དཔྱད་ཞིབ་ (Daily news and Analysis) ཅེས་པའི་གསར་འགྱུར་བརྒྱུད་ལམ་ནང་གནས་ཚུལ་ཐོན་གསལ་ལྟར་ན། འདི་ལོའི་ཕྱི་ཟླ་ ༡༢ ནང་སྒང་ཏོག་ཏུ་རྟེན་གཞི་བྱས་པའི་རྣམ་རྒྱལ་བོད་ཀྱི་ཤེས་རིག་ཉམས་ཞིབ་ཁང་ (Namgyal Institute of Tibetology) གིས་གོ་སྒྲིག་འོག་དེང་དུས་ཚན་རིག་ནས་བཤད་པའི་ཀླད་པའི་རྣམ་གཞག་དང་ཤར་ཕྱོགས་ཀྱི་སྲོལ་རྒྱུན་ནང་བཤད་པའི་སེམས་ཀྱི་རྣམ་གཞག་གཉིས་ཟུང་འབྲེལ་ཐོག་མིའི་བསམ་བློར་བསྒྱུར་བཅོས་ཇི་འདྲ་གཏོང་ཐུབ་མིན། ཞེས་པའི་བརྗོད་གཞིའི་ཐོག་ཉིན་བཞིའི་ཚོགས་འདུའི་ཚོགས་མགོན་དུ་ཇི་ལྟར་གསོལ་འདེབས་ཞུས་དོན་བཞིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྒང་ཏོག་ཏུ་ཆིབས་སྒྱུར་བསྐྱང་གནང་མཛད་རྒྱུའི་བཀའ་བཞེས་བཟང་པོ་ཐོབ་པར་སིཀ་ཀིམ་མངའ་སྡེའི་བློན་ཆེན་སྐུ་ཞབས་པཱ་ཝན་ཀུ་མཱར་ཅམ་ལིང་ (Pawan Kumar Chamling) མཆོག་གིས་ཐུགས་རྗེ་བཀྲིན་ཆེ་ཞུས་ཡོད། ཉིན་བཞིའི་ཚོགས་འདུའི་སྐབས་ཤེས་ཡོན་མི་སྣ་དང་ཚན་རིག་པ། ཆོས་ཕྱོགས་ཀྱི་དབུ་ཁྲིད་བཅས་མཉམ་ཞུགས་གནང་རྒྱུ་ཡིན་འདུག དེ་ཡང་རིང་མིན་སི་ཀིམ་མངའ་གཞུང་གིས་གོ་སྒྲིག་འོག་མངའ་སྡེའི་ནང་རྟེན་གཞི་བྱས་པའི་སློབ་གྲྭ་དང་མཐོ་སློབ་ཁག་ཏུ་བཟང་སྤྱོད་དང་འབྲེལ་བའི་སློབ་ཚན་འཇོག་རྒྱུ་དང་སློབ་ཁྲིད་གནང་འཆར་ཡོད་སྐོར་རྣམ་རྒྱལ་བོད་ཀྱི་ཤེས་རིག་ཉམས་ཞིབ་ཁང་ནས་བརྗོད་ཡོད་པ་བཅས།།