༄༅། །ཕྱི་ལོ་ ༢༠༡༠ ཟླ་ ༨ ཚེས་ ༥ མཚན་མོའམ་ཚེས་ ༦ ཐོ་རེངས་མཚམས་སུ་ལ་དྭགས་སླེ་ཁུལ་དུ་ཆུ་སྤྲིན་བརྡོལ་ཏེ་ཆུ་རུད་ཤུགས་དྲག་བྱུང་བ་ལས་དེ་ཁུལ་གྱི་ཡུལ་མིའི་སྡོད་ཁང་དང་ལས་ཁུངས། སློབ་གྲྭ། སེམས་ཅན་སོགས་ལ་གནོད་འཚེ་ཚབས་ཆེན་ཕོག་པ་མ་ཟད། ལྷག་པར་མི་གྲངས་བརྒྱ་ཕྲག་རེ་ཟུང་གི་ཚེ་སྲོག་ཤོར་བ་སོགས་ཤིན་ཏུ་བློ་ཕམ་བྱ་ཡུལ་གྱི་གནས་ཚུལ་བྱུང་འདུག་པ་འདིའི་ཁོངས་བོད་མི་སྐྱབས་བཅོལ་བའི་གཞིས་ཆགས་བརྒྱ་ཤོག་བཅུ་པ་དང་བཅུ་གཉིས་པ་གཉིས་ཀྱི་སྡོད་ཁང་དང། རྒྱུ་ཟོག་ཕལ་མོ་ཆེ་ཆུ་རུད་འོག་ཚུད་དེ་ལྟ་བཟོ་འདི་ཁུངས་མེད་པར་གཞིས་མི་རྣམས་རི་རྩེར་བྲོས་སྡོད་དགོས་པའི་གནས་སྟངས་ཡ་ང་བ་བྱུང་འདུག་ཅིང། ད་བར་བསོད་ནམས་གླིང་བོད་མིའི་གཞིས་ཁོངས་རང་ནས་བོད་མི་ཤི་སྐྱོན་བྱུང་བ་གོ་རྒྱུ་མི་འདུག་ཀྱང། སླེ་ཁྲོམ་གཞུང་དུ་གནས་སྡོད་བོད་མི་གཉིས་འདས་གྲོངས་དང་། གཅིག་གར་སོང་རྙེད་སོན་བྱུང་མི་འདུག
རྒྱ་གར་དབུས་སའི་གཞུང་དང། གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་མང་པོས་གུན་སྐྱོབ་རོགས་སྐྱོར་གང་ཐུབ་གནང་བཞིན་ཡོད་པ་རྣམས་ཀྱིས་བཙན་བྱོལ་བོད་མི་རྣམས་ལ་ཡང་དབྱེར་མེད་ཀྱི་མཐུན་འགྱུར་དགོངས་བཞེས་གནང་བའི་རེ་བ་ཞུ་བཞིན་ཡོད།
སྤྱིར་རྒྱ་གར་དབུས་གཞུང་དང་མི་མང་། དེ་བཞིན་ཇ་མུ་ཀཤ་མིར་མངའ་སྡེ་གཞུང་མང་། ལྷག་པར་ལ་དྭགས་རི་ལྗོངས་ཡར་རྒྱས་ས་ཁོངས་ཀྱི་འགོ་མང་རྣམས་བོད་མི་སྐྱབས་བཅོལ་བ་རྣམས་ལ་ཧ་ཅང་གི་བཀའ་དྲིན་ཆེན་པོ་ཡིན་པར་བརྟེན། ད་རེས་ཀྱི་ཆུ་རུད་ཀྱི་གོད་ཆག་རྐྱེན་ངན་ཕྲད་པའི་ཡུལ་བོད་དབྱེར་མེད་ཀྱི་དཀའ་སེལ་དང། ལྷག་པར་བོད་མིའི་གཞིས་ཆགས་ཁུངས་སྡོད་ཁང་དང། རྒྱུ་དངོས་རྩ་གཏོར་སོང་བའི་གཞིས་མི་དེ་རྣམས་ཀྱི་འཕྲལ་ཕུགས་དཀའ་སེལ་རོགས༌སྐྱོར་སླད་ཕྱི་རྒྱལ་ཁག་དང་རྒྱ་བལ་འབྲུག་བཅས་སུ་གནས་པའི་བོད་མི་ཚང་མས་གདུང་སེམས་མཉམ་བསྐྱེད་མཚོན་ཆེད་རང་རང་འཁོས་དཔག་གི་རོགས་དངུལ་རྒྱ་མི་ཆུང་བ་ཞིག་སྐུ་ཚབ་དོན་གཅོད་རྣམ་པ་དང་ས་གནས་འགོ་འཛིན། རང་བདེན་ཚོགས་ཆུང། འབྲེལ་མཐུད་པ། བོད་རིགས་སྤྱི་མཐུན་ཚོགས་པ་བཅས་ནས་ཛ་དྲག་གིས་ཞལ་འདེབས་བསྡུ་སློང་གནང་སྟེ་ཇི་བྱུང་གཤམ་གསལ་བཙན་བྱོལ་བོད་གཞུང་ནང་སྲིད་ལས་ཁུངས་དབུས་བོད་མིའི་ངལ་སེལ་ཚོགས་པ་ (CTRC) དངུལ་ཁང་ཨང་ 10551095322 (SBI-0634) SWIFT No#SBININBB277 ཐོག་ (Online Banking) དྲྭ་འཕྲིན་བརྒྱུད་འཕྲལ་འབུལ་ཡོང་བ་ཞུ་རྒྱུའི་འབོད་སྐུལ་གསལ་བསྒྲགས་སུ།།