༢༠༡༠ ཟླ་ ༨ ཚེས་ ༡༩ རེས་གཟའ་ཕུར་བུ།
༅༅། །ཕྱི་ལོ་ ༢༠༡༠ ཟླ་ ༨ ཚེས་ ༡༨ ཉིན་བལ་ཡུལ་ནང་རྟེན་གཞི་བྱས་པའི་ཨ་རིའི་གཞུང་ཚབ་ཁང་གི་རིག་གཞུང་གཅེས་སྐྱོང་ཐེབས་རྩ་ (AFCP) ཞེས་པའི་མཐུན་འགྱུར་འོག བལ་ཡུལ་ཤར་ཕྱོགས་ཧི་མཱ་ལ་ཡའི་རི་སུལ་དུ་ཡོད་པའི་སོ་ལུ་ཁུམ་བའམ་ (Solu-Khumbu) ཤར་ཁུམ་བུའི་ནང་དུས་རབས་ ༡༦ སྐབས་བླ་མ་གསང་བ་རྡོར་རྗེས་ཕྱག་བཏབ་པའི་སྤང་པོ་ཆེ་དགོན་པ་ཉམས་གསོའི་ཆེད་ཨ་སྒོར་ ༨༣༥༠༠ ཙམ་གནང་རྒྱུ་ཡིན་འདུག བླ་མ་གསང་བ་རྡོར་རྗེ་ནི་དུས་རབས་ ༡༦ སྐབས་བོད་ནས་ཕེབས་ཏེ་སུ་ལུ་ཁུམ་བུའི་སྤང་པོ་ཆེ་དགོན་པ་དེ་ཕྱག་བཏབ་པ་དང་ད་ལྟའི་ཆར་དགོན་པ་དེ་སུ་ལུ་ཁུམ་བུའི་ནང་ཤར་པ་ཚོས་རིག་གཞུང་སློབ་གཉེར་བྱེད་སའི་དགོན་པ་རྙིང་ཤོས་གྲས་ཤིག་ཆགས་ཡོད། གཞུང་ཚབ་ཁང་གི་རིག་གཞུང་གཅེས་སྐྱོང་ཐེབས་རྩ་ཞེས་པ་དེ་ཐོག་མར་ཕྱི་ལོ་ ༢༠༠༡ ལོར་ཨ་རིའི་གྲོས་ཚོགས་ཀྱིས་བཙུགས་པ་ཞིག་དང་། ད་བར་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་སྟངས་འཛིན་གནང་བཞིན་ཡོད། ཐེབས་རྩ་ཁང་ནས་ལོ་ལྟར་འཛམ་གླིང་ཁྱོན་ཡོངས་སུ་རིག་གཞུང་བསྟི་གནས་དང་རྩ་ཆེའི་རིག་གཞུང་གི་དངོས་རྫས་བདག་གཅེས་གསོག་འཇོག་བྱེད་རྒྱུ། དེ་བཞིན་རིག་གཞུང་མཚོན་བྱེད་ཀྱི་འཁྲབ་སྟོན་ལས་རིགས་འདྲ་མིན་རྣམས་ཉམས་གསོའི་ཆེད་ད་བར་རྒྱལ་ཁབ་ ༡༠༠ ལྷག་ཙམ་གྱི་ནང་ཐད་ཀར་རོགས་དངུལ་གྱི་མཐུན་འགྱུར་གནང་ཡོད་པ་བཅས།།