༢༠༡༠ ཟླ་ ༨ ཚེས་ ༩ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༠ ཟླ་ ༨ ཚེས་ ༩ དང་ ༡༠ བཅས་ཉིན་གཉིས་རིང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ལྡི་ལི་གཙུག་ལག་སློབ་ཁང་གིས་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར་བཀའ་བཞེས་བཟང་པོ་སྨིན་སྩལ་གྱིས་ཚེས་ ༨ རེས་གཟའ་ཉི་མའི་སྔ་དྲོ་ཆུ་ཚོད་ ༩།༣༠ ཙམ་ལ་བཞུགས་སྒར་ནས་ཆིབས་སྒྱུར་སྐྱོང་སྐབས་དད་ལྡན་སེར་སྐྱ་མང་ཚོགས་ཀྱིས་ལག་ཏུ་སྤོས་སྣེ་དང་དཀར་གཙང་མཇལ་དར་ཐོགས་ཏེ་ཕེབས་སྐྱེལ་ཞུས་ཡོད། དེ་ཡང་ཚེས་ ༩ སྔ་དྲོ་ཆུ་ཚོད་ ༩།༣༠ ནས་ ༡༡།༣༠ བར་དང་། ཉིན་གུང་ཆུ་ཚོད་ ༡།༣༠ ནས་ ༣།༣༠ བར་མི་ཚེའི་གོ་དོན་སྙིང་པོ་གང་ཡིན། ཞེས་པའི་བརྗོད་གཞིའི་ཐོག་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ལྡི་ལི་གཙུག་ལག་སློབ་ཁང་གི་སློབ་ཕྲུག་དང་ལས་བྱེད་རྣམས་ལ་བཀའ་སློབ་སྩལ་གནང་མཛད་རྒྱུ་ཡིན་པ་མ་ཟད། ཚེས་ ༡༠ སྔ་དྲོ་ཆུ་ཚོད་ ༩།༣༠ ནས་ ༡༡།༣༠ བར་དང་། ཉིན་གུང་ཆུ་ཚོད་ ༢ ནས་ ༣།༣༠ བར་སྟོང་ལོ་གསར་པའི་བཟང་སྤྱོད། (Ethics For The New Millennium) ཅེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་སྩལ་གནང་མཛད་རྒྱུ་ཡིན་འདུག
ཕྱོགས་མཚུངས་ལྡི་ལིར་རྟེན་གཞི་བྱས་པའི་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་གཞུང་ཚབ་(The Embassy of Czech Republic) ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་ ༧༥ ཕེབས་པར་དགའ་བསུའི་འཚམས་འདྲི་མཚོན་ཆེད་གསོལ་སྟོན་ཞིག་གོ་སྒྲིག་ཞུ་འཆར་ཡོད་སྐོར་ལྡི་ལི་བོད་གཞུང་སྐུ་ཚབ་དོན་གཅོད་དང་བཀའ་བློན་གཅིག་ལྕོགས་བསྟན་པ་ཚེ་རིང་མཆོག་གིས་འགྲེལ་བརྗོད་གནང་ཡོད། ད་ཐེངས་༸གོང་ས་མཆོག་ལྡི་ལི་གཙུག་ལག་སློབ་ཁང་དུ་གདན་ཞུ་གནང་དོན་གཙོ་བོ་ནི་རྒྱ་གར་གྱི་བདེ་སྲུང་ཚན་རིག་སློབ་སྟོན་མཁས་དབང་སྐུ་ཞབས་ཀོ་ཐཱ་རི་ (Kothari) མཆོག་གི་དྲན་རྟེན་ཆེད་དུ་ཡིན་འདུག་པ་བཅས།།