༢༠༡༠ ཕྱི་ཟླ་ ༦ ཚེས་ ༡༩ རེས་གཟའ་སྤེན་པ།
༄༅། །ཕྱི་ལོ་ ༢༠༡༠ ཟླ་ ༦ ཚེས་ ༡༦ རེས་གཟའ་ལྷག་པའི་ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལི་གསར་པའི་ནང་རྒྱ་གར་ཡུལ་མི་མཁས་གྲས་ཁག་གཅིག་ལྷན་ཚོགས་སྐབས་གནམ་གཤིས་འགྱུར་ལྡོག་དང་ཆུའི་དཀའ་ངལ་འཕྲད་བཞིན་པའི་སྐོར་བགྲོ་གླེང་ལྷུག་པོ་གནང་ཡོད། བགྲོ་གླེང་ཚོགས་འདུ་གོ་སྒྲིག་གནང་མཁན་སོན་དགུ་ཚོགས་པ་ (Navdanya) ཞེས་པ་དང་ལྡི་ལི་ནང་རྟེན་གཞི་བྱས་པའི་བོད་དོན་རྒྱབ་སྐྱོར་ཚོགས་པ་ (Core Group for Tibetan Cause) ཞེས་པ་དེ་གཉིས་ཡིན་འདུག སྐབས་དེར་བཙན་བྱོལ་བོད་གཞུང་ཕྱི་དྲིལ་ལས་ཁུངས་ཀྱི་ཁོར་ཡུག་ཚན་པའི་འགན་འཛིན་བསྟན་འཛིན་ནོར་བུ་ལགས་ཀྱང་མཉམ་ཞུགས་གནང་ཡོད། དེ་ཡང་བགྲོ་གླེང་ཚོགས་འདུའི་སྐབས་བགྲོ་གླེང་གནང་མཁན་མཁས་དབང་སྐུ་ཞབས་ཝི་ཇེ་ཀ་རན་ཏི་ Vijay Kranti ལགས་ཀྱིས་བོད་ནང་མི་འབོར་ཤུགས་ཆེ་གནས་སྤོ་བྱས་པར་བརྟེན་བོད་ཀྱི་ཁོར་ཡུག་ལ་དོ་ཕོག་འགྲོ་བཞིན་ཡོད་སྐོར་པར་རིས་ཀྱི་ལམ་ནས་གསལ་བཤད་བྱས་ཡོད། དེ་བཞིན་བསྟན་འཛིན་ནོར་བུ་ལགས་ཀྱིས་བོད་ནང་རྒྱ་ནག་གཞུང་གིས་ཆུ་རགས་ཕོན་ཆེ་རྒྱག་བཞིན་ཡོད་པ་དང་། བོད་ནང་རྒྱ་མི་ཕོན་ཆེ་སྤོ་ཤུགས་བྱེད་བཞིན་པར་བརྟེན་བོད་ཀྱི་ཁོར་ཡུག་ལ་གནོད་ཚབས་ཧ་ཅང་ཡོང་གི་ཡོད་སྐོར་གསལ་བཤད་ཞིབ་ཕྲ་གནང་། དེ་མཚུངས་ལྕམ་ཌྷ་ཌ་ན་ཤི་བ་ Dr Vandana Shiva ལགས་ཀྱིས་རྒྱ་གར་ནང་ཆུའི་དཀའ་ངལ་འཕྲད་བཞིན་ཡོད་པ་མ་ཟད། རྒྱ་གར་པན་ཇབ་མངའ་སྡེའི་ནང་ས་འོག་གི་འཐུང་ཆུ་རྫོགས་པ་དང་། རྒྱ་གར་བྱང་ཕྱོགས་ས་ཁུལ་ཁག་གཅིག་ནང་འཁྱགས་རོམ་བཞུར་ནས་རྩ་མེད་འགྲོ་བཞིན་ཡོད་པའི་ཛ་དྲག་གི་གནས་སྟངས་ཆགས་ཡོད་སྐོར་གསལ་བཤད་གནང་ཡོད།
བགྲོ་གླེང་ཚོགས་འདུ་དེའི་ནང་ལྷན་ཞུགས་གནང་མཁན་མཁས་དབང་རྣམས་ནི་སོན་དགུ་ཚོགས་པའི་ཚོགས་གཙོ་ལྕམ་ན་ཌ་ན་ཤི་་ (Dr Vandana Shiva) ལགས་དང་། དེ་སྔོན་རྒྱ་གར་གཞུང་གི་ཆུའི་ཐོན་ཁུངས་ཀྱི་དྲུང་ཆེ་སྐུ་ཞབས་ར་མ་ས་མི་ཨའིི་ཡར་ Dr. Ramaswamy Iyer ལགས་དང་། གསར་འགོད་བགྲེས་པོ་གཙུག་ལག་སློབ་དཔོན་སྐུ་ཞབས་ར་སྒེ་སེ་ Mr B G Verghese ལགས། གསར་འགོད་པ་དང་། བོད་དོན་མཁས་དབང་སྐུ་ཞབས་ཝི་ཇེ་ཀ་རན་ཏི་ Mr Vijay Kranti ལགས། བཙན་བྱོལ་བོད་གཞུང་ཁོར་ཡུག་ཚན་པའི་འགན་འཛིན་བསྟན་འཛིན་ནོར་བུ་ལགས་བཅས་ཡིན།