༢༠༡༠ ཕྱི་ཟླ་ ༦ ཚེས་ ༩ རེས་གཟའ་ལྷག་པ།
༄༅། །འདི་གར་བལ་ཡུལ་སྤོག་ར་གློ་སྒྲིག་གཞིས་ཁག་གི་ས་གནས་འགོ་འཛིན་ལས་ཁང་ནས་བཏང་གནས་ནང་འཁོད་དོན། བོད་མི་མང་སྤྱི་འཐུས་རྒྱལ་ནོར་ཚེ་དབང་ལགས་སྤོག་ར་ཁུལ་དུ་ལྟ་སྐོར་ཕེབས་སྐབས་ཕྱི་ལོ་ ༢༠༠༩ ཟླ་ ༦ ཚེས་ ༢༡ ཉིན་དཔལ་འབྱོར་གླིང་ཚོགས་ཁང་ནང་ཁྱབ་ཁོངས་གཞིས་ཆགས་ཁག་གསུམ་གྱི་ས་གནས་འཐུས་ཚོགས་དང་། ས་གནས་རང་བདེན་ཚོགས་ཆུང་ཁག་གཉིས། སློབ་གྲྭ་ཁག་གཉིས་ཀྱི་དགེ་ཆེ། བརྒྱ་དཔོན་རྣམས་བཅས་མི་གྲངས་སུམ་ཅུ་ཙམ་ཡོད་པའི་ཚོགས་འདུ་ཞིག་གོ་སྒྲིག་ཞུས་པར་བཀའ་ཁྲི་དང་། སྤྱི་འཐུས་ཀྱི་འོས་བསྡུའི་སྐོར་སོགས་ཆབ་སྲིད་དང་འབྲེལ་བའི་དོན་ཚན་སྣེྣ་མང་ཐོག་བགྲོ་གླེང་ལྷུག་པོ་བྱས་ཡོད། སྤྱི་འཐུས་རྒྱལ་ནོར་ཚེ་དབང་ལགས་སྤོག་རར་ཕེབས་པ་དང་སྟབས་བསྟུན་ཕྱི་ལོ་ ༢༠༠༩ ཟླ་ ༦ ཚེས་ ༢༤ ཉིན་སྤོག་ར་གཞིས་ཁག་གི་ས་གནས་འཐུས་ཚོགས་དང་། རང་བདེན་ཚོགས་ཆུང་། དགོན་པ་ཁག་གི་སྐུ་ཚབ། སློབ་གྲྭ་ཁག་གི་དགེ་ཆེ། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་ཚོགས་གཙོ་བཅས་མི་གྲངས་བརྒྱད་ཅུ་ཙམ་མཉམ་འཛོམས་ཀྱིས་བགྲོ་གླེང་གོ་སྒྲིག་ཞུས་པར་བོད་རྒྱ་འབྲེལ་ལམ་སྐོར་དང་། བཀའ་ཁྲི་དང་སྤྱི་འཐུས་ཀྱི་འོས་བསྡུ་ལས་དོན་སོགས་ཀྱི་སྐོར། དོགས་དྲིས་གསལ་བཤད་ཀྱིས་གོ་རྟོགས་སྤེལ་གནང་ཡོད།ཕྱི་ལོ་ ༢༠༠༩ ཟླ་ ༧ ཚེས་ ༢༢ དང་ ༢༣ ཉིན་དཔལ་འབྱོར་གླིང་དང་། བྱམས་པ་གླིང་གཉིས་སུ་སྤོག་རར་བསྟི་གནས་སུ་ཡོད་པའི་ཡུལ་མིའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་སམབྷད་ནེ་པལ་གྱི་ཚོགས་གཙོས་དབུས་མི་དགུ་གཞིས་ཆགས་ནང་ཕེབས་ཏེ་བོད་མི་སྐྱབས་བཅོལ་བའི་སྐོར་ཁོང་ཚོས་བཟོས་པའི་གློག་བརྙན་དང་། ཁོང་ཚོའི་ཚོགས་མི་ཁག་གཅིག་རྡ་སར་༸སྐྱབས་མགོན་རིན་པོ་ཆེ་མཆོག་མཇལ་བཅར་བའི་གློག་བརྙན་བཅས་མི་མང་ལ་བསྟན་ཡོད། ནེ་པལ་ནང་གི་བོད་མི་སྐྱབས་བཅོལ་བ་རྣམས་ཕྱི་རྒྱལ་ཡུལ་གྲུ་གཞན་ཕར་བཞག་རྒྱ་གར་ནང་ཡོད་པའི་སྐྱབས་བཅོལ་བའི་ཐོབ་ཐང་ལས་ཞན་པ་ཡོད་པ་དེ་ཡར་རྒྱས་གཏོང་ཐབས་སུ་ཐབས་ལམ་སྣ་ཚོགས་ཐོག་ནས་རྒྱབ་སྐྱོར་གནང་རྒྱུ་དང་། མཛའ་མཐུན་གྱི་འབྲེལ་ལམ་མུ་མཐུད་ཡོང་རྒྱུའི་གསུང་བཤད་གནང་བར་མི་མང་གི་སྐུ་ཚབ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་བཅས་ནས་ཐུགས་རྗེ་ཆེ་ཞུས་ཏེ་མཇལ་དར་ཕུལ། འདི་ག་ལས་ཁུངས་ནས་ཁོང་ཚོར་གསོལ་ཇ་ཞལ་ཏོག་གོ་སྒྲིག་དང་འབྲེལ་ཐུགས་རྗེ་ཆེ་ཞུས་ཏེ་བོད་པར་ཡུལ་མིའི་མཛའ་འབྲེལ་དང་རྒྱབ་སྐྱོར་གྱི་རྣམ་པ་བཟང་པོ་མངོན་པར་བྱས་ཡོད། ཕྱི་ལོ་ ༢༠༠༩ ཟླ་ ༨ ཚེས་ ༦ ཉིན་སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས་སུད་སི་ཇི་ནི་ཝར་རྒྱལ་སྤྱིའི་རྒྱ་བོད་མི་སྣ་མཉམ་འདུས་ཀྱི་ཚོགས་ཆེན་དུ་སྩལ་བའི་བཀའ་སློབ་དང་། བཀའ་བློན་ཁྲི་པའི་གཏམ་བཤད། ཇི་ནི་ཝར་བོད་རྒྱ་བགྲོ་གླེང་ཚོགས་འདུའི་ཐུན་མོང་གི་ལྟ་ཚུལ། ཞེས་པའི་ཡིག་ཆ་བཅས་དཔར་ལོག་བརྒྱབ་ནས་རང་ཁོངས་གཞིས་ཁག་གསུམ་གྱི་མི་མང་ལ་བཀྲམ་ཡོད། སྐུའི་འཁྲུངས་སྐར་དང་། མང་གཙོ་དུས་ཆེན་གཙོས་གཞུང་འབྲེལ་དུས་ཆེན་ཁག་ལ་རང་གཞུང་བཀའ་ཤག་དང་། སྤྱི་འཐུས་ཚོགས་གཙོའི་གསུང་བཤད་སོགས་མང་ཚོགས་ལ་གསལ་བསྒྲགས་ཀྱིས་འགྲེམས་སྤེལ་དུས་ཐོག་ཞུས་པ་དང་། བོད་གཞུང་དྲ་རྒྱ་ནས་ཐོན་པའི་གསར་འགྱུར་ཁག་དུས་ཐོག་མང་ཚོགས་ལ་མཁྱེན་རྟོགས་ཐུབ་ཐབས་སུ་གསལ་བསྒྲགས་གང་ཐུབ་ཞུ་བཞིན་ཡོད། ཕྱི་ལོ་ ༢༠༠༩ ཟླ་ ༡༠ ཚེས་ ༦ ཉིན་སྤོག་ར་ཁུལ་གྱི་ནེ་པལ་ཡུལ་མིའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་སམ་བྷད་ནེ་པལ་ཞེས་པས་ལུམ་ནེ་ས་གནས་སུ་གོ་སྒྲིག་གནང་བའི་བལ་ཡུལ་ནང་གི་སྐྱབས་བཅོལ་བའི་སྐོར་གྱི་བགྲོ་གླེང་ཚོགས་འདུར་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཁག་གི་འཐུས་མི་དང་། འབྲུག་པ་སྐྱབས་བཅོལ་བའི་སྐུ་ཚབ། སྐྱབས་བཅོལ་བར་བརྩེ་སེམས་དགའ་ཞེན་ཅན་གྱི་མི་སྣ་བཅས་མི་གྲངས་བདུན་ཅུ་ཙམ་གྱི་ཚོགས་འདུར་ངོ་བཅར་གྱིས་བལ་ཡུལ་ནང་གི་བོད་མི་སྐྱབས་བཅོལ་བའི་དཀའ་ངལ་སྐོར་དོན་ཚན་བཅུ་ཅན་ཞིག་ངོ་སྤྲོད་ཞུས་པ་དང།ཆབས་ཅིག་ཡིག་ཐོག་ཏུ་བཀྲམ་ཡོད། དེ་བཞིན་སྐབས་དེར་ཚོགས་བཅར་བ་རྣམས་ལ་བོད་ལ་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་གི་བསམ་འཆར་དང་། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡུ་རོབ་གྲོས་ཚོགས་སུ་སྩལ་བའི་བཀའ་སློབ་ བཅས་ནེ་པལ་ཡིག་ཐོག་ཡོད་པའི་དཔེ་དེབ་འགྲེམས་སྤེལ་ཞུས།བོད་ལ་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་གི་བསམ་འཆར་དང་། ༸གོང་ས་མཆོག་གིས་ཡུ་རོབ་གྲོས་ཚོགས་སུ་སྩལ་བའིབཀའ་སློབ་བཅས་བོད་ཡིག་ཐོག་ཡོད་མུས་ནས་དབྱིན་སྐད་དང་། ནེ་པལ་སྐད་ཡིག་ཐོག་ཕབ་སྒྱུར་བྱས་པ་དེབ་གྲངས་ ༡༥༠༠ བལ་ཡུལ་དོན་ཁང་ནས་གནང་འབྱོར་བཞིན་གཞིས་ཆགས་ནང་གི་མང་ཚོགས་དང་། ཉེ་འཁོར་ཡུལ་མི། ཕྱི་རྒྱལ་གཟིགས་སྐོར་བ་དང་འབྲེལ་ཡོད་བཅས་ལ་འགྲེམས་སྤེལ་བྱས་ཡོད། སེར་བྱེས་རྒན་བློ་བཟང་དབང་ཕྱུག་ལགས་སོ་སོ་སྒེར་གྱིེས་དྭང་བླང་ཐོག་ནས་མི་མང་ལ་དབུ་མའི་ལམ་ངོ་སྤྲོད་གནང་བར་གཞིས་ཆགས་ཁག་ལ་ཕེབས་བཞིན་པ་ལྟར་ི་ལོ་ ༢༠༠༩ ཟླ་ ༡༠ ཚེས་ ༧ ཉིན་བྱམས་པ་གླིང་དང་། ཕྱི་ཚེས་ ༡༠ ཉིན་དཔལ་འབྱོར་གླིང་སོ་སོར་མི་མང་ལ་གསུང་བཤད་གནང་བར་མཐུན་འགྱུར་ཞུས་ཡོད། ཕྱི་ཟླ་ ༡༠ ཚེས་ ༡༧ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཨ་རིའི་གྲོས་ཚོགས་ཀྱིས་གསེར་གྱི་གཟེངས་རྟགས་ཕུལ་བའི་ཉིན་མོར་ཁྱབ་ཁོངས་གཞིས་ཆགས་ཁག་ཆེ་འབྲིང་ཆུང་གསུམ་སོ་སོར་དམིགས་བསལ་མཛད་སྒོ་གོ་སྒྲིག་ཞུས་ཏེ་ཨ་རིའི་གྲོས་ཚོགས་ནས་གསེར་གྱི་གཟེངས་རྟགས་འབུལ་རྒྱུའི་དགོས་དོན་ངོ་སྤྲོད་གསལ་བསྒྲགས་བསྐྱངས་པའི་དོན་ཚན་ཁག་དང་། མཛད་སྒོའི་ཉིན་ཨ་རིའི་སྲིད་འཛིན་མཆོག་དང་། གྲོས་ཚོགས་ཀྱི་ཚོགས་གཙོ་གཙོས་པའི་མཁས་དབང་ཁག་གི་གསུང་བཤད་ཀྱི་སྙིང་བསྡུས་ཡིག་ཐོག་བཟོས་ཏེ་མི་མང་ལ་འགྲེམས་སྤེལ་དང་འགྲེལ་བཤད་བྱས་ཡོད། མི་མང་ལ་མང་གཙོའི་སྐོར་གོ་རྟོགས་སྤེལ་སླད་ཕྱི་ལོ་ ༢༠༠༩ ཟླ་ ༡༢ ཚེས་ ༣།༤ ཉིན་གཉིས་རིང་བོད་ཀྱི་མང་གཙོའི་འཕེལ་རིམ་དང་། འོས་བསྡུའི་ལས་དོན་གལ་ཆེའི་སྐོར་ྙ མང་གཙོའི་ནང་འོས་བསྡུའི་འགན་འཁུར ཞེས་ཟབ་སྦྱོང་ཞིག་འདི་ག་ལས་ཁུངས་ནས་གོ་སྒྲིག་ཞུས་ཏེ་སྤོག་ར་གཞིས་ཆགས་རེ་ནས་ན་གཞོན་ཉི་ཤུ་རེ་རྩིས་མི་གྲངས་བརྒྱ་སྐོར་ཞིག་ལ་ཟབ་སྦྱོང་སྤྲད་ཡོད། ཟབ་སྦྱོང་ལ་ས་གནས་འཐུས་ཚོགས་ཁག་གི་ཚོགས་གཙོ་དང་། ཚོགས་གཞོན། ས་གནས་རང་བདེན་ཚོགས་ཆུང་ཁག་གི་ཚོགས་གཙོ། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་ཚོགས་གཙོ་བཅས་མཉམ་ཞུགས་ཐོག་བགྲོ་གླེང་གནང་རྒྱུའི་གོ་སྐབས་བསྐྲུན་ཡོད། ཟབ་སྦྱོང་གནང་མཁན་བོད་མི་མང་སྤྱི་འཐུས་པདྨ་འབྱུང་གནས་ལགས་ཕེབས་གནང་ཡོད། ཟབ་སྦྱོང་གནང་མཁན་གདན་ཞུའི་འགྲོ་སོང་དང་། གསོལ་ཇ་དང་། ཞལ་ལག ཡིག་ཆས་བཅས་ཀྱི་འགྲོ་སོང་ཀ་ཐ་མན་གྲུ་ཧི་མ་ལ་ཡན་སྭ་སའི་ཀྲི་ཚོགས་པའི་འགན་འཛིན་སྤྱི་འཐུས་སྒྲོལ་མ་མཚོ་མོ་ལགས་སུ་འཆར་འབུལ་རེ་སྐུལ་ཞུས་དོན་བཞིན་ཚོགས་པ་ནས་གནང་ཡོད། རྡ་ས་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་བསྟི་གནས་ཁང་གི་འགན་འཛིན་སྤྱི་འཐུས་ཨུ་རྒྱན་བསྟན་འཛིན་ལགས་དང་། འཇམ་དཔལ་སྨོན་ལམ་ལགས་གཉིས་ཀ་ཐ་མན་གྲུར་ཕེབས་སྐབས་སྤོག་རར་གདན་ཞུས་ཀྱིས་ཕྱི་ཟླ་ ༡༢ ཚེས་ ༥ ཉིན་སྔ་དྲོ་དཔལ་འབྱོར་གླིང་མི་མང་དང་། ཉིན་རྒྱབ་བྱམས་པ་གླིང་མི་མང་བཅས་ལ་སྤྱིར་འགྲོ་བ་མིའི་ཐོབ་ཐང་དང་། ཡང་སྒོས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གནས་བབ་སྐོར་ལ་གསུང་བཤད་གནང་རྒྱུའི་གོ་སྒྲིག་ཞུས་ཡོད། གསུམ་བཅུའི་དུས་དྲན་ཐེངས་ ༥༡ ཐོག་གཞིས་ཆགས་ཁག་ནང་འཆར་ཅན་གྱི་མཛད་སྒོ་ཚོགས་ཏེ་དུས་ཆེན་ངོ་སྤྲོད་བྱས་ཐོག་༸གོང་ས་མཆོག་གི་གསུང་འཕྲིན་དང་། རང་གཞུང་བཀའ་ཤག་གི་གཏམ་བཤད་བཅས་མང་ཚོགས་ལ་གསལ་བསྒྲགས་ནན་ཏན་ཞུས་པ་དང་། མཛད་སྒོ་གྲོལ་རྗེས་མི་མང་རྣམས་ཚོགས་ཁང་ནང་མ་ཌྷི་བསགས་པ་དང་མཆོད་འབུལ་གོ་སྒྲིག་ཞུས། རང་གཞུང་ཕྱི་དྲིལ་ལས་ཁུངས་ནས་འགྲེམས་སྤེལ་གནང་བཞིན་པའི་བརྙན་འཕྲིན་འོད་སྡེར་འབྱོར་བ་རྣམས་མང་ཚོགས་ལ་དུས་ནས་དུས་སུ་གཟིགས་འབུལ་ཞུ་མུས་དང་། ཆབ་སྲིད་ཀྱི་གལ་ཆེའི་ཡིག་ཆ། དེ་བཞིན་བོད་ཀྱི་དྲ་རྒྱའི་ཐོག་ཉིན་རེའི་གསར་འགྱུར་ཇི་འབྱོར་རྣམས་སྤྱི་མི་བརྒྱ་དཔོན་བརྒྱུད་གསལ་བསྒྲགས་དང་སྦྱར་འགྲེམས་བྱེད་མུས་ཡིན། བྱམས་པ་གླིང་དུ་ས་ཆ་རུབ་པ་ནེ་ལྔ་བཅུ་ཙམ་ལ་བལ་སྒོར་ཆིག་འབུམ་ཉིས་ཁྲི་ཙམ་འགྲོ་སོང་གི་ར་བ་སྐོར་ཏེ་ཕྱི་ལོ་ ༢༠༠༩ ཟླ་ ༧ ཚེས་ ༦ ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་འཁྲུངས་སྐར་ཉིན་ཤིང་སྣ་ཚོགས་ཀྱི་སྡོང་པོ་གྲངས་ ༡༢༥ འདེབས་འཛུགས་ཀྱིས་ལྔ་བཅུའི་རྗེས་དྲན་གླིང་ཀ་ཞིག་གསར་བཟོ་འགོ་བཙུགས་ཟིན་ཡོད། འདི་ལོ་བོད་གཞུང་མང་བཙན་བྱོལ་དུ་ལོ་ལྔ་བཅུ་འདས་པའི་བོད་མིའི་སྐྱིད་སྡུག་དྲན་གསོ་བྱེད་པའི་དུས་དྲན་དང་སྟབས་བསྟུན་ས་གནས་མང་ཚོགས་ལ་དགེ་སྐུལ་ཐོག་ནས་ཞལ་འདེབས་ཞུས་ཏེ་ས་བྱི་ཞི་རྒོལ་ཆེན་མོའི་དྲན་རྟེན་བདུད་འདུལ་བྱང་ཆུབ་མཆོད་རྟེན་གཟུངས་ཚད་ལྡན་པ་ཞིག་གསར་བཞེངས་ལེགས་གྲུབ་ཟིན་པར་འགྲོ་གྲོན་བལ་སྒོར་འབུམ་བདུན་ལྷག་བཏང་ཡོད། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཆོད་ཨང་ ༧༨ ནང་དོན་གཞིས་བཞུགས་རྒྱལ་གཅེས་དཔའ་བོ་དཔའ་མོ་འདས་གསོན་ཚོའི་ལྷག་བསམ་དང་། དཔའ་འཛངས་སྙིང་སྟོབས་བླ་ན་མེད་པའི་མཛད་རྗེས་བཅས་ལ་གུས་འདུད་དང་རྗེས་དྲན་ཞུ་སླད་རྡོ་རིང་གསར་འཛུགས་གནང་རྒྱུའི་ཞལ་འདེབས་སུ་གཞིས་ཁག་གསུམ་གྱི་མི་མང་ནས་བལ་སྒོར་ ༥༧༣༦།༠༠ སྤྱི་འཐུས་ལྷན་ཁང་ལ་ཕུལ་ཡོད།།