༢༠༡༠ ཕྱི་ཟླ་ ༦ ཚེས་ ༢༨ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༠ ཟླ་ ༦ ཚེས་ ༢༥ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཉི་ཧོང་ནང་གནས་སྡོད་བྱེད་བཞིན་པའི་སོག་པོའི་མི་རིགས་རྣམས་ནས་བཀའ་སློབ་བཀའ་དྲིན་ཆེ་བ་སྩལ་ཆེད་ཇི་ལྟར་གསོལ་འདེབས་ཞུས་དོན་བཞིན་ཉིན་དེའི་སྔ་དྲོ་ཆུ་ཚོད་ ༡༠།༡༥ ཐོག་མགོན་པོ་གང་ཉིད་མཆོག་གིས་སོག་པོའི་མི་རིགས་གྲངས་ ༢༠༠ བརྒལ་བར་བཀའ་སློབ་ཕེབས་དོན།
ད་རེས་སོག་པོའི་མི་རིགས་ཁྱེད་རྣམས་འདི་ག་ཉི་ཧོང་ནང་ཐུག་པར་ཧ་ཅང་དགའ་པོ་བྱུང་། ང་ཚོ་བོད་སོག་གཉིས་ནི་ལོ་ངོ་སྟོང་ཕྲག་སྔོན་ནས་འབྲེལ་བ་དམ་ཟབ་ཡོད་ལ་སོག་པོའི་ནང་དུ་ནང་པའི་ཆོས་དེ་བོད་ནས་དར་ཁྱབ་ཆེན་པོ་བྱུང་ཡོད། ཏཱ་ལའི་བླ་མ་ཞེས་པའི་མཚན་འདི་ཡང་སོག་པོས་རྒྱལ་མཆོག་སྐུ་ཕྲེང་གསུམ་པའི་སྐབས་གནང་བ་ཞིག་ཡིན། དེ་བཞིན་༸གོང་ས་སྐུ་ཕྲེང་བཅུ་བཞི་པ་སྐུ་ཉིད་མཆོག་བོད་ནང་སྐུ་བཞུགས་གནང་སྐབས་སོག་པོའི་གྲྭ་རྒྱུན་དང་མཁས་དབང་མང་པོ་ཞིག་བོད་ནང་སློབ་སྦྱོང་གནང་བཞིན་ཡོད་ལ་ད་ལྟ་བཙན་བྱོལ་གྱི་གནས་སྐབས་སུ་ཡང་བོད་པའི་དགོན་པ་ཁག་གི་ནང་དུ་སོག་པོ་ཕྱི་ནང་གཉིས་ནས་སློབ་སྦྱོང་བྱེད་མཁན་མང་པོ་ཞིག་ཡོད། བསྟན་པ་ཡུན་རིང་དར་བ་ཤོག་ཅེས་སྨོན་ལམ་བརྒྱབ་པ་ཙམ་གྱི་མི་འགྲིག་པར་ནང་དོན་རིག་པར་སློབ་སྦྱོང་བྱེད་དགོས་པ་ཡིན། བཀའ་འགྱུར་དང་བསྟན་འགྱུར་གཉིས་ཀློག་པ་ཙམ་མིན་པར་དོན་དག་ཧ་གོ་ཐུབ་པ་བྱེད་དགོས་ཞེས་སོགས་ཀྱི་བཀའ་སློབ་སྩལ་ཡོད།
དེ་བཞིན་ཉིན་དེའི་ཕྱེད་ཡོལ་ཆུ་ཚོད་གཉིས་པའི་ཐོག་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཉི་ཧོང་སོ་ཊོ་ནང་པའི་ཆོས་བརྒྱུད་ཀྱི་སློབ་གྲྭ་ཁག་བཅུ་བདུན་གྱི་སློབ་ཕྲུག་གྲངས་ ༢༠༠༠ དང་སློབ་གྲྭ་དེའི་འབྲེལ་ཡོད་དགོན་པ་ཁག་གི་བླ་ཆེན་གྲངས་ ༢༠ བརྒལ་བ། དེ་བཞིན་སྐུ་མགྲོན་གྲངས་ ༡༠༠ བརྒལ་བ་བཅས་ལ་བཀའ་སློབ་བཀའ་དྲིན་ཆེ་བ་སྩལ་ཡོད།
དེ་ཡང་ཐེངས་འདིའི་༸གོང་ས་མཆོག་གི་བཀའ་སློབ་ཞུ་མཁན་སློབ་ཕྲུག་རྣམས་ནི་འབྲིང་རིམ་དང་མཐོ་རིམ་སློབ་ཕྲུག་རང་ལོ་ ༡༢ ནས་ ༡༨ སོན་པ་ཤ་སྟག་དང་ཐེངས་འདིར་བཀའ་སློབ་གནང་སའི་སློབ་གྲྭ་སི་ཊ་ག་ཡ་ག་ཀུན་ (Setagaya Gakuen school) ཞེས་པ་དེ་འགོ་བཙུགས་ནས་ལོ་ ༡༠༩ འཁོར་བའི་དུས་ཆེན་གྱི་ཉིན་མོ་ཞིག་ཀྱང་ཡིན་འདུག ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཆུ་ཚོད་གཉིས་པའི་ཐོག་སློབ་གྲྭ་དེའི་ཚོགས་ཁང་གི་སྡིངས་ཆའི་སྟེང་༸ཞབས་སོར་འཁོད་སྐབས་སློབ་ཕྲུག་ཡོངས་ནས་དགའ་བསུའི་ལག་པ་རྒྱུན་རིང་བརྡབ་སྟེ་དགའ་དད་སྤྲོ་གསུམ་གྱིས་ཕེབས་བསུ་གཟབ་རྒྱས་ཞུས་ཡོད། དེ་རྗེས་༸གོང་ས་མཆོག་གིས་དམིགས་ཡུལ་དོན་འགྲུབ་ཡོང་རྒྱུ་དང་ཕན་ཚུན་བརྩི་བཀུར་ (From Vision to Reality and from Respect to all) ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་ཕེབས་དོན། དེ་རིང་འདིར་སློབ་གྲྭའི་དབུ་འཛིན་དང་དགེ་རྒན་རྣམ་པ། སློབ་ཕྲུག་རྣམ་པ་ལྷན་རྒྱས་ལ་ཞུ་རྒྱུར། ད་རེས་ཁྱེད་རང་ཚོ་མཇལ་རྒྱུ་བྱུང་བར་དགའ་པོ་ཞེ་དྲག་བྱུང་གྲ་སྒྲིག་གནང་མཁན་ཚོར་ཐུགས་རྗེ་ཆེ་ཞུ་གི་ཡིན།
དེ་རིང་ངོས་ནས་སློབ་ཕྲུག་ཚོ་ཐུག་གི་ཡོད། ང་ཚོའི་བར་ལ་ལོ་རྒན་གཞོན་གྱི་ཁྱད་པར་མ་གཏོགས་ང་ཚོའི་ལུས་པོ་དང་ཀླད་པ། སེམས། ཚོར་བ་བཅས་གཅིག་གྱུར་ཡིན། ང་ཚོ་རྒན་འཁོགས་རྣམས་བྱིས་པ་ནས་ཡར་འཚར་ལོངས་བྱས་ཡོད། སྔོན་མ་ངོས་རང་ལོ་གཞོན་དུས་ཁྱེད་རང་ཚོ་ལྟ་བུ་ཡིན། ངོས་རང་སློབ་སྦྱོང་བྱེད་དགོས་ཀྱང་སེམས་ནང་རྩེད་མོ་རྩེ་རྒྱུ་གཙོ་བོ་འཁོར་གྱི་ཡོད། ངོས་རང་ཆུང་ཆུང་སྐབས་སློབ་སྦྱོང་ལ་དོ་སྣང་བྱེད་ཀྱི་མེད་སྟབས་ངའི་རྒན་ལགས་ཀྱིས་རྟ་ལྕགས་ཤིག་ཉར་བཞུགས་ཀྱི་ཡོད། སྐབས་དེ་དུས་ངོས་དང་ཇོ་ལགས་གཉིས་ལྷན་དུ་སློབ་སྦྱོང་བྱེད་ཀྱི་ཡོད་ཙང་རྒན་ལགས་ཀྱིས་རྟ་ལྕགས་སེར་པོ་ཞིག་དང་གཞན་ཞིག་བཅས་གཉིས་ཉར་བཞུགས་ཀྱི་ཡོད། སེར་པོ་དེ་རྩ་ཆེན་བྱིན་རླབས་ཅན་ཞིག་ཡིན་བཞིན་དེ་སུ་ལ་བེད་སྤྱོད་བྱེད་ཀྱི་ཡོད་དམ་ཞེ་ན་སློབ་ཕྲུག་རྩ་ཆེན་ང་ལ་བེད་སྤྱོད་གནང་གི་ཡོད། བྱིན་རླབས་ཅན་གྱི་རྟ་ལྕགས་དེ་གཞུས་ནས་ན་ཚ་མི་གཏོང་བའི་བྱིན་རླབས་མེད་པ་རེད་དྲན་ཏེ་ངོས་རང་ཞེད་ཀྱི་ཡོད་སྟབས་སློབ་སྦྱོང་ཧུར་ཐག་བྱེད་ཀྱི་ཡོད།
དེང་སྐབས་བསམ་བློ་གཏོང་སྐབས་སྔོན་མ་ངོས་ནས་སློབ་སྦྱོང་བྱེད་དུས་དྲན་ཤེས་བརྟན་པོས་སློབ་སྦྱོང་ལ་ཤུགས་མ་བརྒྱབ་པ་དེར་འགྱོད་པ་སྐྱེ་གི་འདུག དེར་བརྟེན་ངོས་ཀྱི་ཉམས་མྱོང་གཞིར་བཞག་ཐོག་ཁྱེད་ཚོས་སློབ་སྦྱོང་བྱེད་སྐབས་རིག་པ་སྒྲིམ་ནས་བློ་རྩེ་གཅིག་གི་ཐོག་ནས་སློབ་སྦྱོང་བྱེད་རྒྱུ་དེ་ཧ་ཅང་གལ་ཆེན་པོ་རེད། སངས་རྒྱས་ཀྱི་གཞུང་ནང་དུ་ཐོས་བྱུང་གི་ཤེས་རབ་དང་བསམ་བྱུང་གི་ཤེས་རབ། སྒོམ་བྱུང་གི་ཤེས་རབ་བཅས་ཤེས་རབ་གསུམ་གསུངས་ཡོད། ཐོས་བྱུང་གི་ཤེས་རབ་ཅེས་པ་དེ་སོ་སོས་དཔེ་ཆ་དང་དེབ་ཀློག ཡང་ན་དགེ་རྒན་གྱིས་མར་འགྲེལ་བརྗོད་བྱས་པ་དེ་དག་ཉན་རྗེས་རང་གི་སེམས་ནང་འདི་ཡིན་པ་རེད་ཅེས་དྲན་ནས་ཤེས་པ་དེ་ལ་ཐོས་བྱུང་གི་ཤེས་རབ་ཅེས་བརྗོད་ཀྱི་ཡོད། དེ་ནས་ཐོས་པའི་དོན་དེ་ལ་སོ་སོ་རང་ཉིད་ཀྱིས་བསམ་བློ་བཏང་། བརྟག་ཅིང་དཔྱད་དེ་ག་ཚོད་ཐུབ་ཐུབ་ཀྱི་བསམ་བློ་བཏང་སྟེ་དེའི་ཐོག་ནས་ངེས་ཤེས་ཐོབ་པའི་ཤེས་རབ་དེ་ལ་བསམ་བྱུང་གི་ཤེས་རབ་ཅེས་བརྗོད་ཀྱི་ཡོད། དེ་ཧ་ཅང་གལ་ཆེན་པོ་ཡིན། སོ་སོས་བསམ་བློ་བཏང་སྟེ་ངེས་པ་ཐོབ་པ་དེ་ལ་ཡང་ནས་ཡང་དུ་གོམས་འདྲིས་ཡོང་བ་བྱས་ཏེ་དོན་གང་ཡིན་པ་དེར་བསམ་བློ་དེ་ཙམ་གཏོང་མི་དགོས་པར་རང་གིས་ངང་གི་དེའི་ཐོག་ལ་རྒྱུས་ཡོད་པ་ཞིག་ཆགས་ཀྱི་ཡོད་པ་དེ་རིམ་པ་གསུམ་པ་བརྩི་གི་ཡོད། སློབ་ཚན་དེ་དང་དེ་ལ་བསམ་བྱུང་གི་ངེས་ཤེས་བརྟན་པོ་ཡོང་རྒྱུའི་ཆེད་དུ་དགེ་རྒན་ལ་དོགས་གཅོད་དང་དྲི་བ་ཞུ་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན།
ཁྱེད་ཚོ་སློབ་ཕྲུག་ཕན་ཚུན་དོགས་གཅོད་བྱས་ཏེ་རྩོད་པ་རྩོད་དེ་བགྲོ་གླེང་བྱེད་རྒྱུ་གལ་ཆེན་པོ་ཡིན། རྒྱ་གར་གྱི་དཔལ་ནཱ་ལེྡའི་གཙུག་ལག་སློབ་གཉེར་ཁང་ཆེན་པོ་དེའི་ནང་དུ་སློབསྦྱོབྱོང་སྤྲོད་སྐབས་རྩོད་པ་རྩོད་རྒྱུ་དེ་ཤུགས་ཆེན་པོ་ཞེ་དྲག་འདུག ང་ཚོ་བོད་ལ་ཡིན་ནའང་དགོན་པ་དེ་དག་གི་ནང་དུ་ནང་ཆོས་ཀྱི་ལྟ་གྲུབ་སློབ་སྦྱོང་བྱེད་སྐབས་རྩོད་པ་རྩོད་རྒྱུ་དེ་གལ་ཆེན་པོ་རྩི་བཞིན་ཡོད། རྩོད་པ་རྩོད་རྒྱུ་དེས་ཞིབ་ཚགས་པོ་ཤེས་རྒྱུ་དང་སེམས་ནང་ངེས་པ་བརྟན་པོ་ཡོང་རྒྱུར་ཕན་ཐོགས་ཡོད། རྩོད་པ་རྩོད་ནས་སློབ་སྦྱོང་བྱས་པ་དེ་ལམ་སེང་བརྗེད་ཀྱི་མ་རེད། དེབ་དང་དཔེ་ཆ་ཀློག་ནས་སློབསྦྱོང་བྱས་པ་དེ་མགྱོགས་པོ་བརྗེད་ཀྱི་འདུག དེ་གཉིས་ལ་ཁྱད་པར་ཆེན་པོ་ཡོད། གང་ལགས་ཞེ་ན་བསམ་བློ་གཏོང་དགོས་རྒྱུ་གལ་ཆེན་པོ་ཡིན་ཞེས་པའི་རྒྱུ་མཚན་དེ་ང་ཚོས་ཤེས་བྱ་ཡོན་ཏན་སློབ་སྤྱོང་སྤྲོད་རྒྱུའི་ལྡེ་མིག་ལྟ་བུ་ཞིག་ཆགས་ཡོད། ལྡེ་མིག་དེས་སྒོ་ལྕགས་འབྱེད་རྒྱུ་གང་ཡིན་ཞེ་ན། མིའི་རང་བཞིན་ལྷན་སྐྱེས་ཀྱི་རྣམ་དཔྱོད་ལྡན་པའི་བསམ་བློ་གཏོང་སྟངས་དེ་སྒོ་འབྱེད་ཀྱི་ཡོད་པའི་བཟོ་ལྟ་བུ་རེད། སློབ་སྦྱོང་སྤྲད་ནས་སྒོ་དེ་ཕྱེ་སྟེ་སློབ་སྦྱོང་སྤྲད་པའི་དགོས་དོན་སྙིང་པོ་དེ་སོ་སོ་རང་སྟོབས་ཀྱིས་བསམ་བློ་བཏང་ནས་འཆར་སྣང་འདྲ་མིན་ཡོང་རྒྱུ་དང་། འདི་འདྲ་བྱེད་རྒྱུ་འདུག འདི་འདྲ་ཡོང་རྒྱུ་འདུག་བསམ་པའི་བསམ་བློ་འདྲ་མིན་འཁོར་ནས་འགན་མང་པོ་ཁུར་ཐུབ་པའི་དགོས་དོན་གཙོ་བོ་དེ་རེད། དེ་འདྲ་ཡིན་དུས་ཤེས་ཡོན་སློབ་སྦྱོང་སྤྲོད་རྒྱུ་ཞེས་པ་འདི་ལྡེ་མིག་ལྟ་བུ་ཞིག་རེད།
དེ་རྐྱང་པ་བློ་ལ་ངེས་པས་འགྲིག་གི་མེད། ལྡེ་མིག་དེས་སོ་སོའི་རྣམ་དཔྱོད་ཀྱི་སྒོ་ཕྱེ་སྟེ་གཞི་ནས་སོ་སོའི་རྣམ་དཔྱོད་བེད་སྤྱད་དེ་སློབ་གྲྭའི་ནང་སློབ་སྦྱོང་བྱས་པ་དེ་ཀླད་པའི་རྣམ་དཔྱོད་ཀྱི་ལྡེ་མིག་དེ་འཁྱེར་ཏེ་འཛམ་གླིང་ག་པར་ཡིན་ཡང་མཐོང་ཐུབ་པ་བྱས་ནས་འདི་འདི་འདྲ་ཞིག་མིན་ནམ། འདི་འདི་འདྲ་བྱས་ན་ཡག་པོ་འདུག་སྙམ་པའི་འགན་ཁུར་གྱི་བློ་ཞིག་འཁོར་ཐུབ་པ་བཟོ་དགོས་ཀྱི་འདུག ང་ཚོས་དངོས་ཡོད་གནས་ཚུལ་ཤེས་པ་བྱས་ཏེ་དངོས་ཡོད་གནས་ཚུལ་དེ་ལ་གཞིགས་པའི་མ་འོངས་པར་འདི་འདྲ་ཞིག་ཡོང་གི་རེད་བསམ་པའི་ཚོད་དཔག་བྱེད་རྒྱུ་དེ་གནད་འགག་ཆེན་པོ་འདུག གང་ཡིན་ཟེར་ན་དུས་ཚོད་ཟེར་བ་དེ་སུས་ཀྱང་བཀག་མི་ཐུབ། ལོ། ཟླ་བ། སྐར་མ། སྐར་ཆ་བཅས་དུས་ཚོད་འགྲོ་གི་ཡོད། དུས་ཚོད་ནི་དུས་རྟག་ཏུ་འགྱུར་འགྲོ་གི་ཡོད་པ་རེད།
ག་དུས་ཡིན་ནའང་གནས་ཚུལ་གསར་པ་ཞིག་ཡོང་གི་རེད། དེ་བཞིན་འཛམ་གླིང་གི་མི་འབོར་ཡང་ཆེ་རུ་འགྲོ་གི་ཡོད་པ་དང་། གོ་ལའི་ཚ་དྲོད་ཀྱི་མཚོན་ཁོར་ཡུག་གི་འགྱུར་བ་ཡང་ཤུགས་ཆེན་ཞིག་འགྲོ་གི་ཡོད་པ་རེད། འཛམ་གླིང་འདི་འགྱུར་བ་མེད་པའི་ཐོག་སྡོད་ཀྱི་མེད་སྟབས་ང་རང་ཚོས་བསམ་བློའི་དངོས་ཡོད་གནས་ཚུལ་དེ་ཏག་ཏག་ཤེས་པ་དང་། དེ་དང་རན་པ་ཞིག་ང་ཚོས་འབད་བརྩོན་བྱེད་རྒྱུ་དེ་ཧ་ཅང་གལ་ཆེན་པོ་རེད་འདུག མི་ལ་རང་བཞིན་གྱི་རྣམ་དཔྱོད་ཡོད་པ་དེ་ཤེས་ཡོན་ནས་སློབ་སྦྱོང་གི་ལྡེ་མིག་དེ་འཁྱེར་ཏེ་རྣམ་དཔྱོད་ཀྱི་སྒོ་ཕྱེ་སྟེ་གསར་གཏོད་བྱེད་རྒྱུ་དང་། བྱ་བ་རླབས་ཆེན་པོ་བྱེད་རྒྱུ་དེ་ཕན་པའི་རང་བཞིན་ཡོང་དང་མ་ཡོང་ཟེར་རྒྱུ་དེ་ཤེས་ཡོན་ཁོ་ནའི་ཐོག་ནས་བཤད་ཐུབ་ཀྱི་མ་རེད། ལྷག་བསམ་ལ་རག་ལས་ཀྱི་འདུག་གམ། གཞན་ཕན་གྱིས་བསམ་པ་ཡོད་ན་རྣམ་དཔྱོད་ག་ཚོད་ཡོད་པ་དེ་དག་ཕན་པའི་རང་བཞིན་དུ་འགྲོ་ཐུབ་ཀྱི་རེད། གཞན་ཕན་གྱི་བསམ་བློ་མེད་པར་སོ་སོ་ཁོ་ནའི་དོན་དུ་བསམ་བློ་བཏང་། རང་རྒྱལ་གཞན་ཕམ་ཞེས་གཞན་ལ་བརྩེ་བ་མེད་པ་ཡིན་ན་རྣམ་དཔྱོད་དེ་གནོད་པའི་རང་བཞིན་ཅན་དུ་འགྲོ་རྒྱུ་ཆགས་ཀྱི་ཡོད།
དེ་འདྲ་ཡིན་དུས་དེ་ལྟ་བུའི་རྣམ་དཔྱོད་དེ་ཕར་ཕྱེ་སྟེ་བསམ་བློ་མང་པོ་གཏོང་ཐུབ་པ་ཞིག་ཆགས་སོང་ན། དེ་ཕན་པའི་རང་བཞིན་ཅན་དུ་ཆགས་དགོས་ཀྱི་ཡོད་པར་བརྟེན་ལྷག་བསམ་རྣམ་པར་དག་པ་ཞིག་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་རེད། དེ་ལྟ་བུའི་ལྷག་བསམ་བསྐྲུན་རྒྱུ་དེ་སྤྱིར་འཛམ་གླིང་འདིའི་སྟེང་དམིགས་བསལ་ཆོས་དང་མ་འདྲེས་པའི་ལྷག་བསམ་བཟང་པོ་འདོན་རྒྱུ་ཞིག་ཡོད་པ་རེད། ཡིན་ནའང་དེའི་ཐོག་ལ་དཔེར་ན། ང་རང་ཚོ་འདིར་སངས་རྒྱས་ཀྱི་ཆོས་ཆགས་ཀྱི་ཡོད་པ་རེད། སངས་རྒྱས་ཀྱི་ཆོས་ཀྱི་བསླབ་བྱ་དེ་མིའི་བསམ་པ་ཞི་དུལ་ཡོང་རྒྱུར་ནུས་པ་ཧ་ཅང་ཡོད། གང་ཡིན་ཞེས་བརྗོད་ན་སངས་རྒྱས་པའི་ཆོས་ཀྱི་བསམ་པ་བཟང་པོ་སྒྲུབ་སྟངས་དེ་བཅོམ་ལྡན་འདས་ལ་སྨོན་ལམ་གཅིག་པུ་བརྒྱབ་ནས་བསམ་པ་བཟང་པོ་སྒྲུབ་ཀྱི་མེད། བསམ་པ་བཟང་པོ་བསྒྲུབ་རྒྱུའི་རྒྱུ་དང་རྐྱེན་མང་པོ་ཞིག་སྦྱོང་པའི་ཐོག་ནས་བསམ་པ་བཟང་པོ་སྐྱེས་ཀྱི་ཡོད། གཙོ་བོ་ཤེས་རབ་ཀྱི་གྲོགས་དང་བཅས་པའི་ཕན་པའི་བསམ་པ་ཞིག་སྒྲུབ་ཀྱི་ཡོད་པར་བརྟེན་དེ་ཚན་རིག་དང་མཐུན་པ་རེད། སེམས་ཀྱི་འགྲོ་སྟངས་དང་མཐུན་པ་རེད། སྦྱོང་བརྡར་བྱས་ཏེ་ནུས་པ་འཐོན་རྒྱུ་ཡོད་པ་དང་། འགྱུར་བ་འགྲོ་རྒྱུ་ཡོད་པ་ཞིག་ཆགས་ཡོད།
དེ་འདྲ་ཡིན་དུས་སངས་རྒྱས་ཀྱི་ཆོས་ཕྱོགས་ཀྱི་ཐོག་ནས་བསམ་བློ་གཏོང་རྒྱུ་དེ་ཡང་གནད་འགག་ཆེན་པོ་རེད་འདུག ཆོས་ལུགས་ཚང་མའི་ནང་བྱམས་པ་དང་བརྩེ་བ་ཞེས་གསུངས་ཀྱི་ཡོད་པ་རེད། ལྷག་པར་སངས་རྒྱས་པའི་ཆོས་ནང་བྱམས་བརྩེ་ཤུགས་ཆེན་གསུངས་ཀྱི་ཡོད། མི་ཙམ་མ་ཟད་སེམས་ཅན་ཐམས་ཅད་ལ་བྱམས་བརྩེ་བྱེད་དགོས་རེད་ཅེས་གསུངས་ཀྱི་ཡོད་པ་རེད། རིགས་འགས་བྱམས་བརྩེ་ཟེར་དུས་བྱམས་པ་དང་བརྩེ་བ་སྒོམ་ན་གཞན་ལ་ཕན་པ་དང་རང་ལ་ཕན་ཐོགས་མེད་པ་ཞིག་མཐོང་གི་འདུག དེ་ནོར་འཁྲུལ་རེད། ཇི་ཙམ་གྱི་བྱམས་བརྩེའི་བློ་ཡོད་པ་བྱས་ཏེ་གཞན་ལ་ཕན་པ་སྒྲུབ་ན་མཐར་ཐུག་རང་ཉིད་ལ་ཕན་ཐོགས་ཆེ་ཤོས་ཡོང་གི་ཡོད། དེང་སང་ནུབ་ཕྱོགས་ཀྱི་རྒྱལ་ཁབ་ཏུ་ཀླད་པའི་ཚན་རིག་མཁས་པ་དང་། དེ་བཞིན་འཛམ་གླིང་གི་ཚན་རིག་མཁས་པ་དེ་ཚོའི་གྲས་ཀྱི་སེམས་ལ་བྱམས་བརྩེ་ཡོད་པ་ཞིག་བྱུང་ན་གཟུགས་པོའི་འཕྲོད་བསྟེན་ལ་ཧ་ཅང་གི་ཕན་ཐོགས་འདུག་ཅེས་ཤོད་ཀྱི་འདུག སེམས་ལ་བྱམས་བརྩེ་ཡོད་ན་སེམས་ལྷོད་པོ་ཡོང་གི་རེད། སེམས་ནང་དངངས་སྐྲགས་ཡོང་གི་མ་རེད། སེམས་ལ་ཁོང་ཁྲོ་སོགས་ཉུང་དུ་འགྲོ་གི་རེད། དེ་འདྲ་ཡིན་དུས་སེམས་ལ་ཞི་ལྷོད་ཡོང་གི་ཡོད། སེམས་ཞི་ལྷོད་དེས་གཟུགས་པོར་ཧ་ཅང་ཕན་ཐོགས་ཆེན་པོ་ཡོད། ཞེ་སྣང་ཞེ་དྲག་བྱས། རླུང་ཧ་ཅང་ལངས་པ་ཡིན་ན་འགོ་ནད་སྔོན་འགོག་བྱེད་རྒྱུའི་འཕྲུལ་ཆས་ Immune System དེ་བཟའ་གི་ཡོད་པ་རེད་ཅེས་ཚན་རིག་འགས་དེ་ལྟར་བརྗོད་ཀྱི་འདུག སེམས་ལ་བྱམས་བརྩེའི་བློ་ཞིག་ཡོད་པའི་ཐོག་སེམས་ལྷོད་པོ་བྱུང་ན་འགོ་ནད་སྔོན་འགོག་བྱེད་རྒྱུའི་འཕྲུལ་ཆས་དེ་ཤུགས་ཆེ་རུ་འགྲོ་གི་རེད་ཅེས་བརྗོད་ཀྱི་འདུག ཁྱེད་རང་ཚོ་ཉི་ཧོང་གི་མི་རིགས་འདི་དཔེར་ན། དམག་ཆེན་གཉིས་པའི་མཇུག་ཏུ་ལུང་པར་ཧ་ལས་པའི་གཏོར་བཤིག་ཕྱིན་ཡོད་པ་རེད། དམག་གི་གཏོར་བཤིག་ཕྱིན་པའི་ཐལ་བའི་སྒང་ནས་ལངས་པ་ཞིག་ཆགས་ཡོད། ཁྱེད་རང་ཚོ་ཚགས་ཚུད་བྱེད་མཁན་ཧ་ལས་པ་ཞིག་རེད་འདུག དཔལ་འབྱོར་གྱི་ནུས་པ་ཆེན་ཁར་མང་གཙོ་ཡང་ཆགས་ཡོད། ཁྲིམས་ཀྱི་དབང་བསྒྱུར་རེད།
དེ་བཞིན་གཏམ་བརྗོད་ཀྱི་རང་དབང་ཡོད། དེར་བརྟེན་ཁྱེད་ཚོ་ཉི་ཧོང་རང་ཉིད་ཚགས་ཚུད་བྱས་པ་ཙམ་དུ་མ་ཟད། འཛམ་གླིང་སྤྱི་ལ་ཕན་པའི་ཞབས་འདེགས་བསྒྲུབ་ཐུབ་རྒྱུའི་ནུས་པ་ཏན་ཏན་ཡོད་པ་རེད། ངོས་ཀྱིས་ལོ་ཤས་གོང་ནས་ཉི་ཧོང་གི་སློབ་གྲྭ་ཚོར་དབྱིན་ཇི་སློབ་སྦྱོང་བྱེད་རྒྱུར་ཕྲན་བུ་ཤུགས་བརྒྱབ་ཐུབ་ན་ཡག་པོ་ཡོད་པ་རེད་ཅེས་བཤད་ཡོད། ཁྱེད་རང་ཚོ་འཛམ་གླིང་ཕྱི་ལོག་དཔེར་ན། གླིང་ཆེན་ཨ་ཕི་རི་ཀ་དང་། ལེ་ཊིན་ཨ་མེ་རི་ཀ། ཨེ་ཤི་ཡ་བཅས་ལ་ཆ་བཞག་ན་ཁྱེད་རང་ཚོས་ཏན་ཏན་ཕན་ཐོགས་མང་པོ་བྱེད་ཐུབ་ཀྱི་རེད། ད་ལྟ་སྐད་ཀྱི་དཀའ་ངལ་ཞིག་འདུག ང་ཚོས་གོ་ལའི་ཐོག་བསམ་བློ་ཞིག་བཏང་ན་དུས་རབས་ ༢༠ དེ་དམག་འཁྲུག་གི་དུས་རབས་ཤིག་ཆགས་ཡོད། དུས་རབས་ ༢༠ ནང་ཧ་ལས་པ་ཡར་རྒྱས་ཕྱིན་ཡོད་པ་རེད། ཡིན་ནའང་འཕྲུལ་ལས་རིགས་མང་པོ་ཞིག་གཏོར་བཤིག་གཏོང་བྱེད་ཞིག་ཆགས་ཡོད། དཔེར་ན། རྡུལ་ཕྲན་མཚོན་ཆ་ལྟ་བུ་ཆ་བཞག་ན་ཚན་རིག་རང་གི་ཐོག་ནས་བསམ་བློ་བཏང་ན་ཧ་ལས་པའི་ཡར་རྒྱས་རེད། འོན་ཀྱང་དེ་གཏོར་བཤིག་གི་རང་བཞིན་དུ་ཕྱིན་པ་རེད། དེ་འདྲ་ཡིན་དུས་དུ་རབས་ ༢༡ འདི་ཁྱེད་རང་ཚོའི་དུས་རབས་ཤིག་ཆགས་ཡོད། དུས་རབས་ ༢༡ འདི་ང་ཚོ་ཚང་མས་འབད་བརྩོན་བྱས་ནས་ཞི་བདེའི་དུས་རབས་ཤིག་བཟོ་དགོས་ཀྱི་རེད། ཞི་བདེའི་དུས་རབས་ཤིག་བཟོ་རྒྱུར་ང་ཚོས་ཕྱིའི་གོ་མཚོན་རིམ་པས་བཀག་སྡོམ་བྱེད་རྒྱུར་ལག་ལེན་སྐྱེལ་དགོས། དེ་ཡང་ཕྱིའི་གོ་མཚོན་མེད་པ་མ་བཟོས་གོང་ནང་གི་གོ་མཚོན་མེད་པ་བཟོ་དགོས་ཀྱི་འདུག ནང་གི་གོ་མཚོན་དེ་ཇི་ལྟར་མེད་པ་བཟོ་དགོས་རེད་ཅེས་ན་བྱམས་བརྩེ་ཤུགས་ཆེ་རུ་གཏོང་དགོས།
ཁྱིམ་ཚང་ཞིག་ལ་ཆ་བཞག་ནའང་བྱམས་བརྩེ་ཡོད་ན་སྐྱིད་པ་ཡོད། མི་སྒེར་པ་སོ་སོ་ཡིན་ནའང་བྱམས་བརྩེ་ཡོད་ན་གཟུགས་པོ་བདེ་བ་དང་མི་ཚེ་སྐྱིད་པ། གྲོགས་པོ་མང་བ་ཡོང་གི་རེད། སྤྱི་ཚོགས་ཀྱི་ནང་ཆ་བཞག་ནའང་ཇི་ཙམ་གྱི་བྱམས་བརྩེ་མང་བ་ཡོད་སའི་སྤྱི་ཚོགས་དེ་སྐྱིད་པ་ཡོད། དེ་བཞིན་འཚེ་བ་མེད་པ་ཡོང་ཐུབ་ཀྱི་རེད། དེ་ནས་རིམ་པས་ཕྱིའི་གོ་མཚོན་མེད་པ་བཟོ་ཐུབ་པ་བྱེད་དགོས་རེད་ཅེས་ངོས་ཀྱིས་འདི་ལྟར་ཤོད་ཀྱི་ཡོད། དེ་བཞིན་དུ་ཞི་བདེ་ཟེར་དུས་འཛམ་གླིང་ནང་རྙོག་གྲ་མེད་པ་ཞིག་ནམ་ཡང་ཆགས་ཐུབ་ཀྱི་མ་རེད། རྙོག་གྲ་ཕྲན་བུ་དེ་འདྲ་ག་དུས་ཡིན་ནའང་སྡོད་ཀྱི་རེད། བསམ་ཚུལ་མི་མཐུན་པ་ག་དུས་ཡིན་ནའང་ཡོང་གི་རེད། བསམ་བློ་མི་མཐུན་པའི་ཐོག་ནས་སོ་སོའི་འདོད་ཕྱོགས་ཏན་ཏན་ཡོང་གི་རེད། དེ་ལྟ་བུའི་འགལ་ཟླ་ཡོད་པ་དེ་དག་སེལ་ཐབས་སུ་གོ་མཚོན་དང་དྲག་སྤྱོད་བེད་སྤྱོད་བྱེད་རྒྱུ་དེ་མ་ཡིན་པར། སྐད་ཆ་བཤད་དེ་ཕན་ཚུན་གཉིས་སྨན་ཡོང་རྒྱུའི་བསམ་བློ་ཏན་ཏན་ཡོང་ཐུབ་ཀྱི་རེད། ཕྱོགས་གཉིས་ཀར་གཉིས་སྨན་ཡོང་ཆེད་འབད་བརྩོན་བྱས་ནས་དེ་སེལ་ཐུབ་ཐབས་བྱེད་རྒྱུ་ཧ་ཅང་གལ་ཆེན་པོ་རེད། དཀའ་ངལ་གང་འཕྲད་ཀྱང་ཕན་ཚུན་སྐད་ཆ་བཤད་པའི་ཐོག་དཀའ་ངལ་དེ་སེལ་ཐབས་བྱེད་རྒྱུ་གལ་ཆེན་པོ་རེད།
བྱས་ཙང་དུས་རབས་ ༢༠ དེ་དམག་འཁྲུག་གི་དུས་རབས་རེད། དུས་རབས་ ༢༡ འདི་གྲོས་བསྡུར་གྱི་དུས་རབས་ཤིག་ཏུ་བསྐྲུན་དགོས་ཀྱི་རེད་ཅེས་ཤོད་ཀྱི་ཡོད། ཁྱེད་རང་ཚོ་སློབ་ཕྲུག་ཚོས་ད་ལྟ་སློབ་སྦྱོང་བྱེད་པའི་སྐབས་ནས་ Spirit of Dialogue དེ་ཁྱེད་རང་ཚོས་སེམས་ལ་གོམས་པ་བྱས་ཏེ་ཁྱེད་རང་ཚོ་ནང་ཁུལ་ཕྲན་བུའི་འགལ་བ་བྱུང་བ་ཡིན་ནའང་ལམ་སེང་སྐད་ཆ་བཤད་དེ་སེལ་ཐབས་བྱེད་རྒྱུ་དང་། ཁྱེད་རང་ཚོའི་ནང་དུ་ཡིན་ནའང་དཔེར་ན། ཕ་མ་གཉིས་ཀྱི་དབར་འགལ་བ་དེ་འདྲ་ཡོད་པ་ཡིན་ན་སྐད་ཆ་བཤད་དེ་སེལ་ཐབས་བྱེད་རྒྱུ་དེ་ལྟ་བུ་ང་ཚོའི་གོམས་གཤིས་ལ་འཇགས་དགོས་ཀྱི་རེད། གཞན་ནམ་རྒྱུན་ང་ཚོའི་གཤིས་ཀར་འགལ་ཟླའི་དཀའ་ངལ་འཕྲད་ན་ལམ་སེང་དྲག་རྩབ་བེད་སྤྱོད་ཇི་ལྟར་བྱེད་དགོས་ཟེར་བ་ཞིག་བློ་ལ་སླེབ་ཀྱི་ཡོད། དེ་མ་ཡོང་བའི་ཆེད་འགལ་ཟླ་མཐོང་བ་དང་དེ་ཕན་ཚུན་སྐད་ཆ་བཤད་ནས་སེལ་དགོས་རེད་བསམ་པའི་བསམ་བློ་འཁོར་ཐུབ་པ་བྱེད་དགོས་ཀྱི་རེད། མཐའ་དོན་དེར་ཁྱེད་རང་ཚོའི་མི་ཚེ་དོན་དང་ལྡན་པ་དང་མི་ཚེ་སྐྱིད་པོ་ཡོང་རྒྱུ། དེ་བཞིན་འཛམ་གླིང་སྤྱི་ལ་ཡིན་ནའང་གང་འཚམས་ཀྱི་ཞབས་འདེགས་སྒྲུབ་ཐུབ་པར་ཡོང་རྒྱུའི་ཆ་རྐྱེན་གཙོ་བོ་དེ་ཕྱི་དངོས་པོ་ཡར་རྒྱས་དང་འབྲེལ་བའི་དེང་དུས་ཀྱི་ཤེས་ཡོན་དང་། དེ་ནས་བསམ་བློ་ཞི་དུལ་ཡོང་རྒྱུ། རྣམ་དཔྱོད་རྒྱ་ཆེན་པོ་ཡོང་རྒྱུ་དང་འབྲེལ་བའི་སངས་རྒྱས་པའི་ལྟ་གྲུབ་དེ་གཉིས་ཟུང་འབྲེལ་བྱེད་རྒྱུ་ཧ་ཅང་གལ་ཆེན་པོ་རེད། གལ་སྲིད་སངས་རྒྱས་པའི་ཆོས་མེད་ན་ཡང་རྩ་བའི་སེམས་བཟང་པོ་བྱེད་རྒྱུ་ Secular Ethics ཡོད་པ་དེ་གཉིས་ཟུང་འབྲེལ་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་རེད།
དངོས་པོ་ཡར་རྒྱས་ཁོ་ནས་མིའི་འདོད་པ་ཚིམ་རྒྱུ་མེད། དངོས་པོ་ཡར་རྒྱས་ལའང་མཐའ་ཡོད། བྱས་ཙང་དངོས་པོ་ཡར་རྒྱས་ལ་ཆོག་ཤེས་ཡོད་ན་ཡག་པོ་རེད། ནང་བསམ་བློ་ཡར་རྒྱས་གཏོང་རྒྱུར་མཐའ་མེད། དེ་འདྲ་ཡིན་དུས་ནང་བསམ་བློ་ཡར་རྒྱས་གཏོང་རྒྱུར་ཆོག་ཤེས་བྱེད་རྒྱུ་མེད། ང་ཚོའི་ཁོར་ཡུག་གི་སྐོར་དེ་ཡང་ཧ་ཅང་གལ་ཆེན་པོ་རེད། ཁྱེད་རང་ཚོ་ཉི་ཧོང་ལ་ཆུའི་དཀའ་ངལ་མི་འདུག འོན་ཀྱང་ཨ་ཕི་རི་ཀ་དང་། ཨ་རི། ཨེ་ཤི་ཡ་སོགས་ལུང་པ་མང་པོའི་ནང་ཆུའི་དཀའ་ངལ་ཤིན་ཏུ་ཆེན་པོ་རེད། དེར་བརྟེན་ཁོར་ཡུག་སྲུང་སྐྱོབ་ཐོག་དམིགས་བསལ་གྱི་དོ་སྣང་བྱེད་རྒྱུ་གཅིག དེ་བཞིན་འཛམ་གླིང་ནང་མི་འབོར་འཕེལ་རྒྱས་འགྲོ་བཞིན་དེ་ཡང་ཡིད་གཟབ་བྱས་ནས་བསམ་བློ་གཏོང་དགོས། དེ་ནས་དབུལ་ཕྱུག་གཉིས་ཀྱི་ཧེ་བག་ཆེན་པོ་ཡོད་པ་དེ་ཡང་ང་ཚོ་བསམ་བློ་དོ་གལ་ཆེན་པོ་གཏོང་དགོས་རྒྱུ་ཞིག་རེད། འདི་ངོས་ཀྱིས་ཁྱེད་རང་ཚོར་ལབ་འདོད་བྱུང་། ཞེས་སོགས་ཀྱི་བཀའ་སློབ་བཀའ་དྲིན་ཆེ་བ་སྩལ་རྗེས་སློབ་ཕྲག་གྲངས་ཉེར་གཉིས་ནས་ཕུལ་བའི་དྲི་བ་རྣམས་ལ་བཀའ་ལན་མཛད་གྲུབ་རྗེས་དེར་བཅར་བའི་དགེ་ལས་སློབ་ཕྲུག་རྣམས་བློ་ཡིད་ཚིམས་པར་གྱུར་ཏེ་༸གོང་ས་མཆོག་ལ་ཐུགས་རྗེ་ཆེ་ཞུའི་ལག་གཉིས་ཐལ་མོ་སྦྱར་ཏེ་ཆིབས་ཞལ་བསྒྱུར་སྐབས་ལག་པ་ཡུན་རིང་བརྡབ་ནས་ཕེབས་སྐྱེལ་ཞུས་ཡོད།།