༢༠༡༠ ཕྱི་ཟླ་ ༦ ཚེས་ ༧ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༠ ཟླ་ ༦ ཚེས་ ༧ གྱི་སྔ་དྲོ་ཆུ་ཚོད་ ༧ ཙམ་གྱི་ཐོག་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཧི་མཱ་ལ་ཡི་ནང་པའི་ཆོས་རིག་འཛིན་སྐྱོང་ཚོགས་པས་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར་ཆུབས་སྒྱུར་བཀྲིན་བསྐྱངས་ཏེ་དཔལ་དར་ཁུལ་གྱི་གུ་ལབ་གར་གྲོང་ཚོའི་ནང་རྟེན་གཞི་བྱས་པའི་ཧི་མ་ལ་ཡའི་ནང་པའི་རིག་གཞུང་སློབ་གྲྭའི་སྒོ་རའི་ནང་ཧི་མ་ལ་ཡའི་ནང་པའི་དད་ལྡན་མི་མང་ཚོར་བཀའ་སློབ་སྩལ་དོན།
ད་ལྟ་འདི་གར་སློབ་གྲྭ་འགོ་བཙུགས་ཏེ་གཞི་ལྟ་བུ་ཞིག་ཚུགས་ཡོད་པ་རེད། དེ་ཡར་རྒྱས་ངེས་པར་དུ་འགྲོ་ཐུབ་ཀྱི་རེད་ལ་དེ་ཡར་རྒྱས་འགྲོ་རྒྱུར་མཐུན་རྐྱེན་ང་ཚོས་ཐབས་ཤེས་བྱེད་ཐུབ་ཀྱི་རེད། གལ་ཆེ་བ་གཅིག་དེ་དགེ་རྒན་སྤུས་དག་པོ་ཞི་དགོས་ཀྱི་ཡོད། བོད་ཡིག་དགེ་རྒན་དང་དེ་བཞིན་ནང་ཆོས་གོ་བརྡ་སྤྲོད་ཐུབ་མཁན་གྱི་དགེ་རྒན་ཡག་པོ་དེ་འདྲ་ལ་དྭགས་དེ་མཚུངས་ཆགས་ཡོད།
དེ་བཞིན་འདི་གའི་གཡས་གཡོན་དུ་བོད་མི་དེ་འདྲ་ཡོད་འགྲོ། ཆོས་འཕེལ་བཟོད་པ་ཁྱེད་རང་ཚོས་ཕར་ཚུར་རྒྱུས་ཡོད་བྱས་ཏེ་དགེ་རྒན་ཡག་པོ་དགོས་རྒྱུ་གལ་ཆེན་པོ་རེད། འཛམ་གླིང་འདིའི་སྟེང་ཆོས་ལུགས་མང་པོ་ཞིག་ཡོད། ཆོས་ལུགས་དེ་དག་གིས་རང་སོ་སོའི་ཆོས་པ་ཚོར་ལོ་སྟོང་ཕྲག་རིང་ལ་ཕན་ཐོགས་ཆེན་པོ་བྱས་ཡོད།
དེར་བརྟེན་ཡུལ་གང་དང་གང་གི་མི་ཚོས་རང་རང་གི་ཕ་མེས་ཀྱི་ཆོས་དེ་ཉམས་སུ་ལེན་རྒྱུ་དེ་འཇུག་པོ་དང་འཕྲོད་པོ་ཡོད། ནུབ་ཕྱོགས་རྒྱལ་ཁབ་དེ་འདྲ་ལ་ངོས་ཀྱི་ངོ་ཤེས་པ་མང་པོ་ཡོད། དེ་ཚོ་མང་པོ་ཞིག་གིས་ནང་པའི་ཆོས་ལ་དམིགས་བསལ་དོ་སྣང་བྱེད་ཀྱི་འདུག ལྷག་པར་བོད་ཀྱི་ནང་ཆོས་ལ་དོ་སྣང་བྱེད་ཀྱི་འདུག ངོས་ཀྱིས་ནམ་རྒྱུན་ཁོང་ཚོར་བརྗོད་ཀྱི་ཡོད། ཁྱེད་རང་ཚོ་སོ་སོའི་ཕ་མེས་ཀྱི་ཆོས་དེ་ཉམས་སུ་བླང་ན་ཡག་གི་རེད། ཆོས་ལུགས་བསྒྱུར་ན་ཡག་པོ་མེད། འོན་ཀྱང་གང་ཟག་རེ་ཟུང་རེ་ཟུང་གི་གནས་ཚུལ་ཁག་ཁག་རེད། སོ་སོའི་ཁམས་དང་མོས་པའི་ཁྱད་པར་ལས་ནང་པའི་ཆོས་ཀྱིས་ཕན་པ་དེ་འདྲ་ཡོང་སྲིད་ཀྱི་རེད། སྤྱི་ཡོངས་ཀྱི་ཆ་ནས་ཆོས་ལུགས་བསྒྱུར་རྒྱུ་མེད། ཅེས་བརྗོད་ཀྱི་ཡོད། དེ་འདྲ་ཡིན་དུས་ངོས་ཀྱིས་ནམ་རྒྱུན་བོད་པ་དང་སོག་པོ་ཚོར་ཤོད་ཀྱི་ཡོད། ང་རང་ཚོ་ཕ་མེས་ནས་ནང་པ་སངས་རྒྱས་པའི་ཆོས་བྱེད་མཁན་ཞིག་རེད། དེར་བརྟེན་སོ་སོའི་ཆོས་དེ་བདག་པོ་བརྒྱབ་ན་ཡག་གི་རེད། ཅེས་ཤོད་ཀྱི་ཡོད། ཧི་མཱ་ལ་ཡའི་རི་རྒྱུད་ཀྱི་ལ་དྭགས་ཡིན་ན་རེད། གར་ཞྭ། ཁུ་ནུ། སྤྱི་ཏི་དེ་དག་ལ་ཆ་བཞག་ནའང་། ཕ་མེས་ཀྱི་ཐོག་ནས་ནང་པ་ཆགས་ཀྱི་ཡོད། ནང་པ་དེ་ཡང་བོད་ཀྱི་ནང་ཆོས་ཆགས་ཀྱི་ཡོད། བཀའ་འགྱུར་བསྟན་འགྱུར་ལྗགས་ཀློག་གནང་མཁན་ཆགས་ཡོད།
དེ་འདྲ་ཡིན་དུས་སོ་སོའི་ཆོས་དེ་བདག་པོ་རྒྱག་རྒྱུ་གལ་ཆེན་པོ་ཆགས་ཀྱི་ཡོད་ཅེས་ཤོད་ཀྱི་ཡོད། ང་ཚོས་ཆོས་དེ་བདག་པོ་བརྒྱབ་ཅེས་བདག་པོ་གང་འདྲ་བྱས་ནས་བརྒྱབ་དགོས་ཀྱི་རེད་དམ་ཞེས་ན། ལྷ་ཁང་ཡོད་པ་དེ་གལ་ཆེན་པོ་རེད། འོན་ཀྱང་བདག་པོ་ངོ་ཐོག་རྒྱག་རྒྱུ་དེ་ལུང་དང་རྟོགས་པའི་ཡོན་ཏན་རང་རྒྱུད་ལ་ཚང་བར་བྱས་ཏེ། ལུང་གི་ཡོན་ཏན་ཞེས་བརྗོད་སྐབས་སྡེ་སྣོད་གསུམ་གྱི་དོན་དག་འཆད་ཉན་བྱས་ཏེ་མཁས་པའི་ཡོན་ཏན་ཚང་དགོས་ཀྱི་ཡོད། རྟོགས་པའི་ཡོན་ཏན་བརྗོད་སྐབས་ལུང་སྡེ་སྣོད་གསུམ་ནས་བཤད་པའི་བསླབ་གསུམ་གྱི་ཉམས་ལེན་རྒྱུད་ཆུད་པ་ཞིག་དགོས་ཀྱི་ཡོད།
དེར་བརྟེན་ང་ཚོར་བཀའ་འགྱུར་པུ་ཏི་ ༡༠༠ ཙམ་ཞིག་དང་བསྟན་འགྱུར་པུ་ཏི་ ༢༢༥ ཡོད་པ་དེ་དག་སློབ་སྦྱོང་བྱེད་རྒྱུའི་དོན་དག་ལ་བཅོམ་ལྡན་འདས་ཀྱིས་བཀའ་གནང་། བཅོམ་ལྡན་འདས་ཀྱི་རྗེས་འབྲང་ཀླུ་སྒྲུབ་ཡབ་སྲས་ལ་སོགས་ཀྱི་དེ་དག་གིས་བཅོམ་ལྡན་གྱི་དགོངས་པ་གཏན་ལ་ཕབ་ཡོད་པའི་དཔེ་ཆ་དེ་དག་ང་ཚོས་ལྟ་དགོས་ཀྱི་ཡོད། བྱས་ཙང་ད་ལྟ་གཙུག་ལག་ཁང་འདིར་བཀའ་འགྱུར་ཡོད་ཀྱང་བསྟན་འགྱུར་མེད་པ་འདྲ། ངོས་ཀྱིས་བསྟན་འགྱུར་ཞིག་འབུལ་གྱི་ཡིན། མིང་བོད་ཡིག་ཅེས་ལབ་ནའང་འགྲིག་གི་འདུག བྷོ་ཊི་ཡ་ཞེས་ནས་ལབ་ན་འགྲིག་གི་འདུག བོད་ཡིག་ཀློག་ཤེས་མཁན་ག་ཚོད་ཡོད་ལག་པ་རྐྱོངས་དང་། བོད་ཡིག་དེ་ཧ་ཅང་གལ་ཆེན་པོ་རེད། མིང་བྷོ་ཊི་ཡ་ཞེས་ལབ་ནའང་འགྲིག་གི་འདུག གང་ལྟར་བཀའ་འགྱུར་བསྟན་འགྱུར་གྱི་ཡི་གེ་དེ་དེ་རིང་ཁ་སང་འཛམ་གླིང་འདིའི་སྟེང་ནང་པའི་ཆོས་འགྲེལ་བཤད་རྒྱག་རྒྱུ་ལ་སྐད་ཡིག་ཡག་ཤོས་དེ་བྷོ་ཊི་ཡ་ཆགས་ཡོད།
རྒྱ་ཡིག་ནང་དངོས་གནས་བྱས་ན་བོད་ཡིག་ནང་མ་བྱུང་གོང་ནང་པའི་ཆོས་རྒྱ་ཡིག་ནང་དར་ཚར་བ་རེད། ལོ་ཧ་ལམ་སུམ་བརྒྱ་བཞི་རྒྱའི་གོང་རེད། འོན་ཀྱང་དེ་རིང་ཁ་སང་ནང་པའི་ཆོས་ཆ་ཚང་བ་ཞིག་སློབ་སྦྱོང་བྱེད་དགོས་བྱུང་ན། བོད་ཡིག་ཡག་ཤོས་ཆགས་ཡོད། དེ་འདྲ་ཡིན་ཙང་ནུབ་ཕྱོགས་རྒྱལ་ཁབ་ཁག་གི་ནང་དུ་ནང་ཆོས་ལ་དོ་སྣང་བྱེད་མཁན་དེ་ཚོའི་གྲས་ཀྱིས་བོད་ཡིག་གཙོ་བོ་རྩི་བཞིན་ཡོད།
དེར་བརྟེན་ཁྱེད་རང་ཚོས་སོ་སོའི་ཆོས་ཡག་པོ་ཤེས་རྒྱུའི་དོན་དག་ལ་བོད་ཡིག་ལ་དོ་སྣང་བྱེད་རྒྱུ་ནི་ངེས་པར་དུ་གལ་ཆེན་པོ་ཡིན། ངོས་ཀྱིས་རྒྱ་མི་ཚོར་བརྗོད་ཀྱི་ཡོད། ཀོ་རི་ཡ། ཉི་ཧོང་། དེ་བཞིན་ཝི་ཏི་ནམ། བོད་པ་བརྗོད་མེད་རེད། ཚང་མར་ང་ཚོ་ནང་པ་བྱེད་མཁན་ཚོས་དུས་རབས་ཉེར་གཅིག་གི་ནང་པ་ཞིག་བྱེད་དགོས་ཀྱི་རེད། ཅེས་ངོས་ཀྱིས་བརྗོད་ཀྱི་ཡོད། དུས་རབས་ཉེར་གཅིག་གི་ནང་པ་ཞེས་པ་དེ་གང་འདྲ་ཞིག་རེད་ཅེས་བརྗོད་ན། ནང་པའི་ཆོས་ཀྱི་འགྲོ་སྟངས་དེ་དག་ཡག་པོ་ཤེས་པ་བྱས། ནང་པའི་ཆོས་ཀྱི་འགྲོ་སྟངས་དེ་དག་རིག་པ་དང་ཚད་མའི་ལམ་ནས་གཏན་ལ་ཕབ་སྟེ་ངེས་པ་རྙེད་པ་དེ་འདྲ་ཞིག་དགོས་ཀྱི་ཡོད། དེར་བརྟེན་རྒྱ་ནག་གི་ནང་པའི་ཆོས་ནང་ལ་ཚད་མའི་གཞུང་བསྒྱུར་མེད། དཔེར་ན། སློབ་དཔོན་ཕྱོགས་ཀྱི་གླང་པོའི་ཚད་མའི་གཞུང་རྒྱ་ནག་ནང་བསྒྱུར་མི་འདུག བོད་ཡིག་གཅིག་པུར་རེད་འདུག དེ་འདྲ་ཡིན་དུས་ཚད་མའི་གཞུང་དེ་དག་ཤེས་པའི་ཐོག་ནས་ནང་པའི་བདེན་པ་བཞི་ལ་སོགས་པ་དེ་དག་རིག་པའི་ལམ་ནས་གཏན་ལ་ཕབ། དེ་འདྲ་ཞིག་གི་ཐོག་ནས་ངེས་པ་རྙེད་པ་བྱུང་ན། ནང་པའི་ཆོས་ཀྱི་དད་པ་དེ་དད་པ་བརྟན་པོ་ཆགས་ཡོང་གི་རེད། གཞན་ནང་པའི་ཆོས་ལ་དད་པ་ཡོད་ཀྱང་ཆོས་མ་ཤེས་ན་ཟབ་པོ་ཆགས་ཀྱི་མ་རེད། དཔེར་ན། ངོས་ཀྱི་ངོ་ཤེས་འབྲས་ལྗོངས་པ་དེ་འདྲས་ངོས་ལ་བརྗོད་ཀྱི་འདུག འབྲས་ལྗོངས་ཀྱི་དཔེ་མཛོད་ཁང་གཅིག་ཡོད་པ་དེར་སློབ་སྦྱོང་ཡོད་པའི་གཞོན་པ་དེ་འདྲ་ཁ་ཤས་ཤིག་བསླེབས་བྱུང་ཟེར་གྱི་འདུག ཁོང་ཚོས་ནང་པའི་ཆོས་དེ་གང་འདྲ་ཞིག་རེད་དམ། ང་ཚོའི་ནང་གི་པ་ལགས་སུ་ནང་པའི་ཆོས་དེ་གང་འདྲ་རེད་དམ་ཞེས་སྐད་ཆ་དྲིས་པ་ཡིན། ཤེས་ཀྱི་མེད་ཅེས་ཟེར་གྱི་འདུག ནང་ལ་ཞབས་བརྟན་ཚོགས་ཀྱི་ཡོད།ཨ་མ་ལགས་སུ་ཞབས་བརྟན་ཚོགས་ན་ཕན་ཐོགས་ག་རེ་ཡོད་དམ། ཞེས་སྐད་ཆ་དྲིས་སྐབས། ཨ་མ་ལགས་ཀྱི་ག་རེ་ཡིན་ན་ངས་ཤེས་ཀྱི་མེད། ང་རང་ཚོའི་ལུགས་སྲོལ་ཡིན་པར་སོང་ཞབས་བརྟན་ཚོགས་དགོས་པ་རེད་ཅེས་ཨ་མ་ལགས་ཀྱིས་བརྗོད་ཀྱི་འདུག དེར་བརྟེན་གཞོན་པ་དེ་ཚོས་ནང་པའི་ཆོས་ཀྱི་ངོ་ཐོག་གང་འདྲ་རེད་ཅེས་སྐད་ཆ་དྲི་བར་བསླེབས་བྱུང་ཞེས་བརྗོད་ཀྱི་འདུག ཡང་བོད་ནས་ངོས་ཀྱི་ངོ་ཤེས་པ་མི་གཅིག་གིས་ཨོ་སི་ཊོ་ལི་ཡར་སྡོད་མཁན་གྱི་བོད་པ་ཞིག་ཡོད། བོད་པ་དེ་མཚམས་རེ་ཁོང་རང་གི་ཕ་ཡུལ་དུ་འགྲོ་གི་ཡོད། ན་ནིང་ངོས་ལ་ཐུག་བྱུང་ཁོང་རང་ཕ་ཡུལ་ལ་ལྟ་སྐོར་དུ་ཕྱིན་ནས་ཚུར་ཡོང་བ་ཡིན་ཞེས་བརྗོད་བྱུང་། ཕ་ཡུལ་གྱི་དགོན་པའི་ནང་འདོན་པ་བཏོན་པ་མ་གཏོགས་སློབ་སྦྱོང་ཞེ་དྲག་བྱེད་ཀྱི་མི་འདུག ཅེས་བརྗོད་བྱུང་། འདི་ཟེར་གྱི་འདུག་དགོན་པའི་གྲྭ་པ་རྒན་པ་ཁ་ཤས་ནས་ཁོང་ཚོའི་དགོན་པའི་ནང་ཉིན་གཅིག་སློབ་ཕྲུག་ཁག་གཅིག་ཡོང་སྟེ་མཛད་པ་བཅུ་གཉིས་ག་རེ་རེད་ཅེས་སྐད་ཆ་དྲིས་བྱུང། སློབ་ཕྲུག་ཚོར་ཐུག་མཁན་གྱི་གྲྭ་པ་ཚོའི་ནང་ནས་མཛད་པ་བཅུ་གཉིས་སུ་གཅིག་གིས་ཀྱང་ཤེས་ཀྱི་མེད་པ་རེད། མཛད་པ་བཅུ་གཉིས་ཤེས་ཀྱི་མེད་སྟབས་ལན་རྒྱག་རྒྱུ་མ་བྱུང་། ངོ་ཚ་པོ་བྱུང་། ང་ཚོ་དཔེ་ཆ་ཏོག་ཙམ་བལྟ་དགོས་ཀྱི་འདུག ཅེས་དེ་འདྲ་ཟེར་གྱི་འདུག ཅེས་བརྗོད་བྱུང་། ཡང་བོད་ལ་སྔ་མོ་མི་གཅིག་གིས་ཆོས་གནས་ཤིག་ལ་སངས་རྒྱས་ག་པར་ཡོད་པ་རེད་དམ། ཞེས་བཀའ་དྲི་ཞུས་པ་རེད། ཆོས་གནས་དེ་ཡག་པོ་ཤེས་ཀྱི་མེད། བསམ་བློ་ཞིག་བཏང་སྟེ་མཛུབ་མོ་གནམ་ལ་བཙུགས་ཏེ་མི་མངོན་ནམ་མཁའི་དབྱིངས་སུ་གསལ་ལ་ཤེལ་གྱི་ཁང་པའི་ནང་འོད་ཟེར་དང་བཅས་བཞུགས་ཡོད། ཅེས་བརྗོད་པ་རེད། དེ་འདྲ་ཡིན་དུས་སངས་རྒྱས་ཞེས་བརྗོད་སྐབས་ང་རང་ཚོས་ཐེག་དམན་གྱི་གཞུང་ནང་ལ་ཡིན་ན་ལོ་ཉིས་སྟོང་ལྔ་བརྒྱའི་གོང་ལ་བྱུང་བའི་ལོ་རྒྱུས་ནང་ཡོད་པའི་རྒྱལ་དབང་ཤཀྱཱ་ཐུབ་པ་མ་གཏོགས་སངས་རྒྱས་གཞན་དག་ཤོད་ཀྱི་མེད། ཐེག་ཆེན་གྱི་གཞུང་ནང་ལ་སྐུ་བཞི་གསུངས་ཀྱི་ཡོད། ངོ་བོ་ཉིད་སྐུ། ལུང་སྐུ། སྤྲུལ་སྐུ། ཡེ་ཤེས་ཆོས་སྐུ་ཞེས་བྱས་ཏེ་སྐུ་བཞིའི་རྣམ་གཞག་གསུངས་ཀྱི་ཡོད། སྐུ་བཞི་པོ་གང་འདྲ་བྱས་ཏེ་སྒྲུབ་ཀྱི་ཡོད་དམ་ཞེས་ན། གསང་སྔགས་བླ་མེད་ཀྱི་གཞུང་ནས་ང་རང་ཚོའི་གཉུག་མ་ལྷན་གཅིག་སྐྱེས་པའི་འོད་ཟེར་དེའི་སྟེང་ནས་སྐུ་བཞི་པོ་བསྒྲུབ་རྒྱུའི་འགྲེལ་བཤད་ཧ་ཅང་སྤུས་དག་པོ་འདུག ཡིད་ཆེད་རྙེད་རྒྱུ་ཞིག་འདུག དེར་བརྟེན་ཁྱེད་རང་ཚང་མས་དོ་སྣང་དང་སློབ་སྦྱོང་ཡག་པོ་བྱེད། གང་ལྟར་སློབ་ཕྲུག་ཚོས་སློབ་སྦྱོང་ཡག་པོ་བྱེད་དགོས་པ་རེད། ད་ལྟ་སློབ་གྲྭ་ཡར་རྒྱས་འགྲོ་རྒྱུ་གོང་དུ་ངོས་ཀྱིས་བརྗོད་པ་བཞིན་མཐུན་རྐྱེན་ག་ལེར་ག་ལེར་འགྲིག་འགྲོ་གི་རེད།
གཙོ་བོ་ཁྱེད་ཚོ་རང་ཉིད་ཀྱིས་དོན་གཉེར་ཡག་པོ་བྱེད་དགོས་ཤེས་སོང་ངམ། འཛམ་གླིང་གི་ས་ཆ་ག་པར་བལྟས་ཀྱང་ཤེས་ཡོན་ཡར་རྒྱས་འགྲོ་གི་ཡོད། ང་རང་ཚོ་ཧི་མ་ལ་ཡའི་ས་ཁུལ་དེ་དག་ལ་ཆ་བཞག་ནའང་། ཤེས་ཡོན་ཡར་རྒྱས་འགྲོ་རྒྱུ་ནི་ཧ་ཅང་གལ་ཆེན་པོ་ཡིན། སྤྱིར་རྒྱ་གར་རྒྱལ་ཡོངས་ལ་ཤེས་ཡོན་ཡར་རྒྱས་ཀྱི་མྱུར་ཚད་མགྱོགས་པོ་འགྲོ་གི་ཡོད། ཧི་མཱ་ལ་ཡའི་རི་ཁུལ་དེ་དག་གིས་ཀྱང་ཤེས་ཡོན་དེའི་རྗེས་ཟིན་ཐུབ་པ་ཞིག་ཡར་རྒྱས་འགྲོ་ཐུབ་པ་བྱ་རྒྱུ་ནི་ཧ་ཅང་གལ་ཆེན་པོ་ཡིན།
དེ་བཞིན་ཁྱེད་རང་ཚོ་ཕྱག་ལས་གནང་མཁན་ཚོ་དང་མངའ་སྡེའི་གཞུང་ནས་ཐུགས་ཁུར་གནང་གི་ཡོད་པ་རྣམས་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། གང་ལྟར་སློབ་སྦྱོང་ཡར་རྒྱས་འགྲོ་རྒྱུར་ཚང་མས་ཐུགས་ཁུར་བཞེས་རོགས་གནང་ཞེས་ཞུ་རྒྱུ་ཡིན། དེའི་ཐོག་ལ་ནང་པ་ཚོར་ཆ་བཞག་ནའང་། སོ་སོ་ཕ་མེས་ནས་ནང་པ་ཡིན་སྐབས་ནང་ཆོས་སློབ་སྦྱོང་བྱེད་རྒྱུ་དེ་གལ་ཆེན་པོ་རེད། དེ་མཉམ་དུ་འགྲོ་ཐུབ་པ་བྱེད་དགོས། ཁྱེད་རང་ཚོའི་སློབ་གྲྭའི་འགྲོ་སོང་རྩ་བ་མངའ་སྡེའི་གཞུང་དང་དབུས་གཞུང་ནས་ཏོག་ཙམ་གནང་གི་ཡོད་པ་འདྲ། ལོ་རེར་མ་འདང་བ་སྒོར་འབུམ་ལྔ་ཤོད་ཀྱི་འདུག དེར་བརྟེན་ལོ་གསུམ་རིང་ལ་སྒོར་འབུམ་ལྔ་རེ་ངོས་ཀྱིས་གཏང་ཡོང་གི་ཡིན། སློབ་ཕྲུག་གི་སྡོད་ཁང་རྒྱག་རྒྱུ་ཆོས་འཕེལ་བཟོད་པ་ལགས་དང་ད་ལྟ་སྐད་ཆ་བྱུང་། དེའི་འགྲོ་སོང་དང་མཐུན་རྐྱེན་ཐབས་ཤེས་བྱས་ཆོག་གི་རེད། ཁྱེད་རང་ཚོ་མི་སྐྱ་ཚོས་ཡིན་གཅིག་མིན་གཅིག་བོད་ཡིག་ལ་དོ་སྣང་བྱས། ད་ལྟ་འདིར་བཀའ་འགྱུར་ཡོད་པའི་ཐོག་ངོས་ཀྱིས་བསྟན་འགྱུར་འབུལ་རྒྱུ་ཡིན། ཁྱེད་རང་ཚོས་ཐུབ་ན་དགེ་འདུན་པ་ཚོས་གཙོ་བོ་གནང་སྟེ་སྐྱ་སེར་དབྱེ་བ་མེད་པར་ལོ་རེར་བཀའ་འགྱུར་བསྟན་འགྱུར་དག་སྒྲོག་བྱེད་ཐུབ་ན་ཡག་པོ་ཡོད། ག་ལེར་ག་ལེར་ལ་བསྟན་འགྱུར་གྱི་ནང་ནས་གཞུང་གལ་ཆེ་བ་དེ་དག་སློབ་ཁྲིད་བྱེད་ཐུབ་ན་ཧ་ཅང་ཡག་པོ་ཡོད། རྗེས་ལ་ཁྱེད་རྣམས་དུས་རབས་ཉེར་གཅིག་གི་ནང་པ་ཚད་ལོངས་བ་ཞིག་ཡོང་རྒྱུར་ངོས་ཀྱིས་སྨོན་ལམ་རྒྱག་གི་ཡིན། ཞེས་བཀའ་སློབ་ཟབ་མོ་སྩལ་ཡོད།།