༢༠༡༠ ཕྱི་ཟླ་ ༥ ཚེས་ ༢༩ རེས་གཟའ་སྤེན་པ།
༄༅། །འདི་གར་སུད་སི་སྐུ་ཚབ་དོན་གཅོད་ཁང་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༠ ཟླ་ ༤ ཚེས་ ༢༤ ཉིན་ཨི་ཊ་ལི་གྲོང་ཁྱེར་ཝར་ཝ་ནི་ཡ་དང་གྲོང་ཁྱེར་ཀོ་ལོག་ནི་མོན་རྫིས་ནང་ཡོད་བོད་ཀྱི་རིག་གཞུང་ཁང་ཐུན་མོང་ནས་གོ་སྒྲིག་ཐོག་བོད་ཀྱི་འགྲེམས་སྟོན་ཁང་ཞིག་དབུ་འབྱེད་གནང་འདུག དེ་ཉིན་མཛད་སྒོར་བཙན་བྱོལ་བོད་གཞུང་སུད་སིའི་སྐུ་ཚབ་དོན་གཅོད་ཚེ་བརྟན་བསམ་གྲུབ་ལགས་ངོ་བཅར་གྱིས་བོད་དོན་སྐོར་གསུང་བཤད་སོགས་གནང་ཡོད། དེ་བཞིན་ས་གནས་རྫོང་དཔོན་སྐུ་ཞབས་ Marco Zacchera མཉམ་ཞུགས་གནང་ཡོད་པ་དང་། ཁོང་ནི་ཨི་ཊ་ལི་གྲོས་ཚོགས་ཀྱི་ཚོགས་མིའི་ཁོངས་ནས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་ཡིན་འདུག ཡང་ཚེས་ ༣༠ ཉིན་ཇར་མན་གྲོང་ཁྱེར་ Stuttgart ནང་སྐུ་ཞབས་ Mark Vogelgesang ནས་གོ་སྒྲིག་གནང་བའི་བོད་ཀྱི་འགྲེམས་སྟོན་དབུ་འབྱེད་མཛད་སྒོར་སྐུ་ཚབ་དོན་གཅོད་ལགས་ངོ་བཅར་གྱིས་བོད་དོན་སྐོར་སོགས་གཏམ་བཤད་གནང།ཡོད། ཡང་ཟླ་ ༥ ཚེས་ ༢༡ ཉིན་སྐུ་ཚབ་དོན་གཅོད་ལགས་ཡུ་རོབ་རྒྱལ་ཁབ་ཧང་གྷེ་རིར་འདི་ལོ་ཟླ་ ༩ ནང་༸གོང་ས་མཆོག་ཆིབས་སྒྱུར་གྲ་སྒྲིག་ཐད་འབྲེལ་ཡོད་གདན་ཞུ་བ་ས་གནས་བོད་དོན་རྒྱབ་སྐྱོར་ཚོགས་པ་དང་། ནང་ཆོས་ཚོགས་པའི་འཐུས་མི་ལྷན་གྲོས་བསྡུར་ཞུ་སླད་ཆེད་ཕེབས་གནང་བ་དང་། ཉེ་ཆར་ཧང་གྷེ་རི་རྒྱལ་ཡོངས་མི་མང་ནས་འོས་འཕེན་གྱིས་གཞུང་འཛིན་ཚོགས་པ་གསར་འདེམས་བྱས་ཤིང་། བོད་དོན་རྒྱབ་སྐྱོར་གནང་མཁན་སྐུ་ཞབས་ Zoltan Balo མཆོག་ལ་ཉེ་ཆར་ཧང་གྷེ་རི་རྒྱལ་ཡོང་མི་མང་ནས་འོས་འཕེན་གྱིས་གཞུང་འཛིན་ཚོགས་པར་གསར་འདེམས་བྱུང་བར་སྐུ་ཚབ་དོན་གཅོད་ནས་འཚམས་འདྲི་ཞུས་ཡོད། ཁོང་ནི་གཞུང་འཛིན་ཚོགས་པའི་གྲངས་ཉུང་མི་རིགས་གནད་དོན་གྱི་དྲུང་ཆེར་བསྐོ་བཞག་གནང་ཡོད་པ་དང་། དེ་སྔ་ཧང་གྷེ་རི་གྲོས་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཚོགས་ཆུང་གི་ཚོགས་གཙོ་གནང་མྱོང་ཡོད་སྟབས་སྐུ་ཚབ་དོན་གཅོད་ཚེ་བརྟན་བསམ་གྲུབ་ལགས་སུ་གོང་འཁོད་ཚོགས་ཆུང་དེའི་ད་ལྟའི་ཚོགས་གཙོ་དང་ཚོགས་གཞོན་སོ་སོར་ངོ་སྤྲོད་གནང་བ་མ་ཟད། ཧང་གྷེ་རི་གྲོས་ཚོགས་ཚོགས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ Èkes Jòsef ཡང་འཇལ་ཕྲད་གནང་བ་སོགས་སུད་སི་དོན་གཅོད་ཁང་ནས་ཚོགས་བཅར་སོགས་ཀྱིས་ལས་འགུལ་ཇི་སྤེལ་ཁག་གནད་བསྡུས་སུ།