༢༠༡༠ ཟླ་ ༥ ཚེས་ ༡༡ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༡༠ ཟླ་ ༥ ཚེས་ ༥ ཉིན་རྡ་སྟེང་བོད་ཁྱིམ་ཚོགས་ཁང་དུ་དཔལ་ལྡན་སྐུ་སྒེར་ཡིག་ཚང་ནས་གོ་སྒྲིག་ཐོག་དཔའ་བོ་རི་ཆ་ཌི་མུ་རི་ལགས་ཀྱིས་བཟོད་བསྲན་བརྒྱུད་ནས་མི་ཚེའི་ནང་རང་དབང་དང་བདེ་སྐྱིད་ཐོབ་ཡོད་པའི་ངོ་སྤྲོད་ཀྱི་མཛད་སྒོར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཆིབས་སྒྱུར་བསྐྱངས་ཏེ་བཀའ་སློབ་ཕེབས་དོན། ངོས་རང་དེ་སྔ་བྱང་ཨར་ལེན་ཌིར་ཐེངས་ཁ་ཤས་ཞིག་བསླེབས་པ་རེད། ཐེངས་ཤིག་ཕ་གིར་འགྲོ་དུས་ངོས་ཀྱིས་བྱང་ཨར་ལེན་ཌིར་ཡེ་ཤུའི་ཆོས་ལུགས་ Protestant གྲུབ་མཐའ་གསར་མ་བ་དང་ Catholic ཡེ་ཤུ་གནམ་བདག་ཆོས་ལུགས་དེ་གཉིས་ཕན་ཚུན་འཁྲུག་རྩོད་བྱུང་ནས། དེའི་ནང་མི་གྲོངས་པ་དང་རྨས་པ་རྗེས་ཤུལ་ནང་མི་ཁག་གཅིག་ཆེད་མངགས་ཐུག་སྟེ་གཞན་ངོས་ནས་བྱེད་རྒྱུ་གང་ཡང་མེད་ཀྱང་སེམས་གསོ་བཏང་བ་ཡིན། ཆོས་ལུགས་གཉིས་པོའི་མི་དང་ཐུག་ནས་རྐྱེན་ངན་ནི་བྱུང་ཚར་བ་རེད། ད་ཆ་མཐུན་པོ་བྱུང་ན་ཡག་པོ་རེད། ཅེས་བསླབ་བྱ་ཟེར་ནའང་མི་འདུག གྲོས་རོགས་ཟེར་ནའང་མི་འདུག་དེ་འདྲ་ཞུ་རྒྱུ་བྱུང་། དེ་དུས་ས་གནས་ཀྱི་ཚོགས་ཁང་ནང་ཆོས་ལུགས་གཉིས་པོའི་འཐུས་མི་རུབ་རུབ་བྱས་ཏེ་སྡོད་སར་ངོས་རང་སྐད་ཆ་ཤོད་དགོས་བརྗོད་བྱུང་། ཁང་པའི་ནང་འགྲོ་སྐབས་གྲ་སྒྲིག་བྱེད་མཁན་དེས་ངོས་ལ་ཚོགས་ཁང་དེའི་ནང་ཕྱོགས་གཉིས་ཀྱི་ཁྱིམ་མི་འདས་གྲོངས་ཕྱིན་པ་དེ་དག་གི་རྗེས་ཤུལ་སོ་སོ་རང་ཉིད་རང་ཐོག་ལ་དཀའ་ངལ་འཕྲད་པའི་མི་ཡོད་རྐྱེན་ཁོར་ཡུག་ཧ་ཅང་ཛ་དྲག་པོ་དང་། གཅིག་གིས་གཅིག་ལ་དགྲ་ཟླ་དང་འཁོན་འཛིན་གྱི་བསམ་བློ་ཡོད་སྐབས་ཏོག་ཙམ་ཞེད་སྣང་འདུག་ཅེས་བརྗོད་བྱུང་བར་བརྟེན། ངོས་རང་ཡང་ཏོག་ཙམ་གཡང་ཟ་བ་ཞིག་བྱུང། (བཞད་མོ་དང་བཅས།) བར་མི་གཏེ་བོར་ཚུད། ཅེས་ཤོད་སྲོལ་ཡོད། ངོས་རང་ཕྱོགས་གཉིས་ཀར་ཕན་པའི་དོན་ལ་འགྲོ་གི་ཡོད་ཀྱང་ཕ་གིར་རྩོད་པ་ཞེ་དྲག་བརྒྱབ་ན། ངོས་དེའི་བར་ཚུད་རྒྱུ་དང་ཉོ་ཆ་ཆེད་མངགས་སོ་སོས་ཉོ་བར་ཕྱིན་པ་ལྟ་བུ་ཆགས་གྲབས་བྱེད་ཀྱི་འདུག ངོས་རང་ནང་དུ་བསྐྱོད་སྐབས། ཕྱོགས་གཉིས་ཀྱི་གདོང་ལ་འཁོན་འཛིན་དང་།ཞེ་སྡང་གི་རྐྱེན་པས་སེམས་མ་སྐྱིད་པ་ཧ་ཅང་ཤུགས་ཆེན་པོ་འདུག ང་ཚོ་མཉམ་དུ་བསྡད་ནས་ནམ་རྒྱུན་འཆར་ཅན་ངོས་རང་གིས་ཤོད་རྒྱུ་ལྟར་ཚང་མར་རྐྱེན་ངན་ནི་བྱུང་ཚར་བ་རེད། ལུང་པ་གཅིག་ནང་སྡོད་དགོས་ཀྱི་ཡོད། ཆོས་ལུགས་ཀྱི་འབྲེལ་བ་ཞེས་པ་དེ་ནི་གནས་ཚུལ་ཡག་པོ་ཞིག་མ་རྟོགས་པ་དང་བསམ་བློ་རྒྱ་ཆེ་ས་ནས་མ་འཁོར་བ་རེད་མ་གཏོགས། ཆོས་ལུགས་ཚང་མ་བྱམས་བརྩེ་ཤོད་མཁན་ཤ་སྟག་རེད།
དེར་བརྟེན་ཚང་མ་མཐུན་པོ་བྱེད་རྒྱུ་གལ་ཆེན་པོ་ཡིན། ཞེས་སྐད་ཆ་བཤད། བསྟན་བཤིག་ཏོག་ཙམ་བསླངས་རྗེས་གོང་དུ་ཕན་ཚུལ་གཉིས་པོ་ཧ་ཅང་གདོང་པ་ནག་པོ་བསྟན་ནས་མ་སྐྱིད་ཡོད་པ་དེ་ཏོག་ཙམ་འཇམ་དུ་ཕྱིན་ཏེ་གད་མོ་དགོད་རྒྱུ་ཞིག་བྱུང་སོང། ངོས་རང་ཡང་དགའ་པོ་བྱུང་། ངོས་ནས་ག་རེ་ཡིན་རུང་མིན་རུང་མི་ཁ་ཤས་ཤིག་ལ་ཁྱུག་ཙམ་རིང་ཡིན་ནའང་འདྲ། གང་ལྟར་སེམས་ནང་ལྷོད་ལྷོད་ཆགས་ཏེ་ཞི་བདེ་ཞིག་བྱུང་བ་དེས་ཕན་ཐོགས་ཕྲན་བུ་སྒྲུབ་སོང་བསམ་པ་ཞིག་བྱུང་། དེ་ལྟ་བུའི་དུས་ཚོད་དེར་ངོས་ལ་ཁོང་ཐུག་པ་རེད། མིག་ལ་སྐྱོན་ཡོད་པ་ཁོང་དང་པོ་ཐུག་སྐབས་ཁོང་གི་གདོང་ལ་འཁོན་འཛིན་གྱིས་རྣམ་པ་གང་ཡང་མེད་ཁར་བསྟན་བཤིག་ཀྱང་བསླངས་སོང་། ཕལ་ཆེར་དེ་ཉིན་ང་ཚོ་ཁ་ལག་མཉམ་དུ་བཟས་པ་ཡིན། ཕན་ཚུན་སྐད་ཆ་ཤོད་སྐབས་འགོ་སྟོད་ཁོང་རང་ཆུ་དུས་སློབ་གྲྭའི་ཕྲུ་གྲུ་ཞིག་ཡིན་སྐབས་མེ་མདའ་རྒྱག་རེས་བཏང་སྟེ་དབྱིན་ཇིའི་དམག་མི་འདིར་མཉམ་དུ་ཡོད་པ་ཁོང་རེད། ཁོང་གིས་འགྱིག་གི་ལྡེའུ་ཡིན་པའི་མེ་མདའ་བརྒྱབ་སྟེ་རི་ཆར་ཌི་མུ་རི་ཡི་ཐོད་པའི་མཚམས་སུ་ཐེབས་སྐབས། དེ་མ་ཐག་ཏུ་མིག་གཉིས་ཀ་ནག་འཐུམས་སུ་ཕྱིན་སོང་ཞེས་བརྗོད་བྱུང་། དེ་ནས་ལམ་སེང་སྨ་ཁང་ལ་བསྐྱལ་འདུག ཁོང་རང་དྲན་པ་ཐོར་ཡོད་པས་དྲན་པ་གསོས་སྐབས་སྨན་ཁང་ནང་སླེབས་པ་ཤེས་འདུག སྐབས་དེར་བསམ་བློའི་ནང་ངའི་ཨ་མའི་གདོང་པ་མཐོང་གི་མ་རེད་དྲན་བྱུང་། ཞེས་བརྗོད་ཀྱི་འདུག ངོས་རང་ཧ་ལས་བྱུང་། དཔེ་སྲིད་ཀྱི་མ་རེད། མི་སྤྲང་པོ་དེ་བསམ་པའི་ཁོང་ཁྲོ་ཟ་རྒྱུ་མེད་པར། བསམ་བློའི་ནང་ཨང་དང་པོར་སོ་སོའི་བརྩི་ཤོས་ཨ་མའི་ཞལ་རས་མཇལ་རྒྱུ་མེད་པ་ཆགས་སོང་དྲན་པ་ལས། ཁོང་ཁྲོ་གང་ཡང་མ་བྱུང་ཞེས་བརྗོད་བྱུང་། ངོས་རང་དེར་ཧ་ལས་བྱུང་། དེ་ནས་བཟུང་ངེད་གཉིས་གྲོགས་པོ་ཆགས་པ་རེད། དེ་རྗེས་ངོས་ཀྱིས་རྟག་པར་ (My Hero) ངོས་ཀྱི་དཔའ་བོ། ཞེས་བརྗོད་ཀྱི་ཡོད།དེ་བརྗོད་དགོས་པའི་རྒྱུ་མཚན་ནིེ་ཁོང་དམིགས་བསལ་ཆོས་པ་བྱས་ཏེ་ལོ་མང་པོའི་རིང་ཆོས་ཀྱི་ཉམས་ལེན་བྱས་ཏེ་བཟོད་པའི་ཉམས་ལེན་དང་ཁོང་ཁྲོའི་ཉེས་དམིགས། བཟོད་པའི་ཕན་ཡོན་གྱི་ཐོག་བསམ་བློ་བཏང་ནས་བྱུང་བ་ཞིག་མ་རེད། སློབ་ཕྲུག་ཆུང་ཆུང་ཞིག་ལ་བསམ་བློ་དེ་འདྲ་ཞིག་འཁོར་རྒྱུ་དེ་ང་རང་ཚོ་མིའི་རང་བཞིན་ལྷན་སྐྱེས་སུ་དེ་ལྟ་བུའི་བརྩེ་བ་ཞེས་པའི་བསམ་བློའི་བློ་ཞིག་ཡོད་པ་དེ་དང་འདྲེས་ཡོང་དུས། རང་བཞིན་གྱི་ཁྲོ་སེམས་དེ་དག་ཞེ་དྲག་མི་ཡོང་བའི་ལྷན་སྐྱེས་ཤིག་ཡོད་པ་རེད། སངས་རྒྱས་ཀྱི་ཆོས་ཀྱི་ཐོག་ནས་བཤད་ན་ཚེ་རབས་མང་པོའི་བག་ཆགས་ཀྱི་དེ་འདྲ་ཡོང་གི་ཡོད། གང་ལྟར་མཐོང་ཆོས་ལ་བྱིས་པ་གཞོན་ནུ་ཆོས་ལ་དམིགས་བསལ་ཉམས་ལེན་གང་ཡང་མེད་མཁན་ཞིག་ལ་དབང་པོའི་ནང་གི་དྭངས་མ་མིག་གི་དབང་པོ་རེད། དེ་སྐད་ཅིག་གཅིག་ལ་མེད་པར་ཆགས་པ་དེའང་མི་གཞན་ཞིག་གིས་མེ་མདའ་འཕངས་ནས་ཆགས་པ་ཡིན། དངོས་གནས་ཡིན་ན་ཁྲོ་སེམས་སྐྱེ་རྒྱུ་ཞིག་ཕལ་ཆེར་ཡོང་གི་རེད། དཔེར་ན། ཁྱེད་རང་ཚོ་བསམ་བློ་ཞིག་གཏོང་དང་། མི་ཞིག་གི་མེ་མདའ་བརྒྱབ་སྟེ་དཔྲལ་བར་འགྱིག་གི་མདེའུ་ཐེབས་ཏེ་མིག་ལོང་སོང་ན་ཨ་ཕའི་རོ་བསམས་པ་དྲན་པ་མི་འདུག་གམ། ཕལ་ཆེར་ངོས་རང་ཡིན་ནའང་དྲན་རྒྱུའི་ཉེན་ཁ་ཡོད། ཁོ་སྤྲང་པོ་དེས་ངའི་མིག་ལོང་སོང་བསམས་པ་དྲན་རྒྱུའི་ཉེན་ཁ་ཡོད། ཁོང་གིས་དེ་ལྟར་དྲན་མེད་པ་དེ་ཧ་ལས་པ་རེད། ང་ཚོ་མིའི་ལྷན་སྐྱེས་ལ་དེ་འདྲའི་བསམ་བློའི་འཁྱེར་སོ་ཞིག་རང་བཞིན་ལྷན་སྐྱེས་ལ་ཡོད་པ་ཞིག་ཁོང་གིས་དངོས་སུ་ལག་ལེན་བསྐྱལ་བ་རེད། དེ་ང་ཚོའི་མིག་དཔེར་འོས་པ་ཞིག་ཡིན། བྱང་ཨར་ལེན་ཌི་ལུང་པ་ཆུང་ཆུང་ཞིག་ནང་གནས་ཚུལ་དེ་འདྲ་བྱུང་ཡོད་པ་དེ་དངོས་གནས་འཛམ་བུ་གླིང་འདིའི་སྟེང་ངོ་མཚར་སྐྱེ་རྒྱུ་ཞིག་ཡིན། འཛམ་བུ་གླིང་གི་ཤེས་དགོས་རྒྱུ་ཞིག་རེད། དེ་རིང་ཁ་སང་གི་དུས་ཚོད་འདིར་ཕལ་ཆེར་འཁོན་འཛིན་འོག་ནས་མི་གསོད་རེས་གཏོང་རྒྱུའི་གནས་ཚུལ་དེ་འདྲ་ཡོང་གི་ཡོད། འཁོན་འཛིན་གྱི་ཐོག་ནས་འཇིགས་སྐུལ་རིང་ལུགས་བྱུང་རྐྱེན་འཛམ་གླིང་འདིའི་སྟེང་མི་ས་ཡ་བྱེ་བ་མང་པོར་བརྡབ་གསིག་ཕོག་ཡོད་པ་དེ་འདྲ་ཆགས་ཡོད། དེ་དག་རྩ་བ་ཐུག་ས་དེ་འཁོན་འཛིན་གྱི་བསམ་བློ་དེས་ཡོང་གི་ཡོད། དེར་བརྟེན་འཁོན་འཛིན་དེ་རང་ཉིད་རང་ཐོག་ཏུ་རྐྱེན་ངན་ཐོག་ཏུ་བབ་ན་ཡང་འཁོན་འཛིན་མ་བྱས་པ་འདི་ང་ཚོ་འཛམ་བུ་གླིང་འདིའི་སྟེང་སྟོན་དགོས་རྒྱུ་དང་ཤོད་དགོས་རྒྱུའི་གནས་ཚུལ་རེད། དེ་དུས་ཁོང་རང་དང་སྐད་ཆ་བྱུང་། ཁྱེད་རང་གི་ཉམས་མྱོང་དེ་ལོ་རྒྱུས་ནང་འབྲི་རྒྱུ་དང་མི་མང་ཙམ་གྱི་ཤེས་པ་བྱེད་རྒྱུ་དེ་གལ་ཆེན་པ་རེད་ཞུ་རྒྱུ་བྱུང་། ངོས་ལ་ཐད་ཀར་འབྲེལ་བ་གང་ཡང་མེད་ཀྱང་དངོས་གནས་ཡིན་ན། ཞི་བདེའི་གཟེངས་རྟགས་ཞེས་པ་དེ་ཁོང་ལྟ་བུར་ངོས་རང་ཡིན་ན་འོས་པ་ཞིག་ཡིན།
དེ་ཚོའི་གནས་ཚུལ་དེ་འདྲ་ཞིག་རེད། གཉིས་ནས་ཁོང་རང་མདེའུ་ཕོག་ནས་མིག་དེ་མ་ཐག་ཞར་བའི་རྗེས་སུ་སེམས་ལ་འཁོན་འཛིན་གྱི་མ་སྐྱིད་མེད་པ་ཡིན་དུས། ཁོ་རང་སྐྱིད་པོ་བྱས་ཏེ་སེམས་ལྷོད་ལྷོད་བྱས་ནས་བསྡད་ཡོད་པ་དང་མཇུག་ཏུ་གཉེན་སྒྲིག་བྱས་ཏེ་ཕྲུ་གུ་བུ་མོ་གཉིས་ཡོང་བ་ཡོད། དེ་དུས་ངོས་ཀྱིས་ཁོང་ལ་རྩེད་མོ་དང་སྦྲགས་བརྗོད་པ་ཡིན། ཁྱེད་རང་ལ་མིག་མེད་པ་ཡིན་དུས་ཁྱེད་རང་གི་ཨ་ཅག་ལགས་ཀྱི་གདོང་དང་བུ་མོའི་གདོང་སྙིང་རྗེ་པོ་དེ་མཐོང་རྒྱུ་མེད། ངོས་ལ་མཐོང་རྒྱུ་ཡོད། ཁྱེད་རང་སྐུ་ཟླ་དང་བུ་མོ་གཉིས་པོ་མཛེས་པོ་དང་ཧ་ཅང་ཡག་པོ་འདུག ཅེས་བརྗོད་པ་ཡིན། དེ་ལྟར་ཁོང་རང་གི་མི་ཚེའི་ནང་འཁོན་འཛིན་བྱས་ཏེ་ཉིན་རེ་བཞིན་དུ་སེམས་ནང་ངའི་མིག་ཁོས་མེད་པ་བཟོས་སོང་སྤྲང་པོ་ཁོ་ཞེས་སེམས་ནང་ཁོང་ཁྲོ་བཅངས་ཏེ་བསྡད་ན། གཅིག་བྱས་ན་ཤི་ཡང་ཚར་ཡོད་འགྲོ། མི་ཚེ་རྫོགས་ཡོད་མདོག་ཁག་པོ་རེད། མ་སྐྱིད་པ་བྱས་ཀྱང་མིག་གསར་པ་ནི་སླེབས་ཀྱི་མ་རེད། སོ་སོར་རྐྱེན་ངན་བྱུང་བ་དེ་སྤྱོད་འཇུག་གི་ཚིག་འདི་ངོ་ཐོག་ལག་ལེན་བསྐྱལ་པ་རེད། གལ་ཏེ་བཅོས་སུ་མེད་ན་ནི། དེ་ལ་མི་དགའ་བྱས་ཅི་ཕན། ཞེས་པ་འདི་ལག་ལེན་བསྐྱལ་བའི་འབྲས་བུར་ཁོང་རང་སེམས་སྐྱིད་པ་དང་ལུས་བདེ་བ། བག་ཕེབས་བདེ་སྐྱིད་ལྡན་པའི་ཁྱིམ་ཚང་ཞིག་བཟུང་སྟེ། དེ་ཡང་ཁོང་རང་གཅིག་པུའི་དོན་དག་མ་ཡིན་པར་སོ་སོར་ཉམས་མྱོང་རྐྱེན་ངན་བྱུང་བ་དེ་གཞན་ཕན་གྱི་རང་བཞིན་དུ་གྱུར་ནས་དཀའ་ངལ་ཕྲད་པའི་བྱིས་པར་རོགས་རམ་བྱེད་རྒྱུའི་ཚོགས་པ་ཞིག་བཙུགས་ཏེ་ལས་འགུལ་བྱེད་ཀྱི་ཡོད། དེའི་རྐྱེན་རྩ་གཙོ་བོ་དེ་མིག་ལོང་བའི་སྐབས་སུ་སེམས་ལ་ཁོང་ཁྲོ་དང་ང་རྒྱལ། མ་སྐྱིད་པའི་གདུག་རྩབ་ཀྱི་བསམ་བློ་མ་འཁོར་བར་སེམས་ཞི་བདེ་བྱས་ནས་བསྡད་ཐུབ་པའི་འབྲས་བུ་རེད། དེ་རིང་ཁ་སང་འཛམ་གླིང་འདིའི་སྟེང་ཞེ་སྡང་དང་དུ་ལེན་མཁན་གྱི་མི་དེ་དག་སོ་སོ་སྐྱིད་པ་གང་ཡང་མེད། མི་ལ་འཁོན་འཛིན་གྱི་ཐོག་ནས་དགྲ་ཤ་ལེན་དགོས་བསམས་ནས་ཉིན་མཚན་སྦྲེལ་ཏེ་ལོ་ནས་ལོ་བསྟུད་དེ་སྡོད་མཁན་དེ་དག་སེམས་པ་དང་མི་ཚེ་སྐྱིད་པ་རྩ་བ་ནས་མེད། ཚུར་ཕྱོགས་དེར་རྐྱེན་ངན་བྱུང་ཚར་བ་རེད། ཞེ་སྡང་དང་འཁོན་འཛིན་མ་བྱས་པར་རྐྱེན་ངན་བྱུང་ཚར་བ་དེར་དང་ལེན་བྱས་ཏེ་སྡོད་སྐབས་ཧ་ཅང་ཁེ་ཕན་ཆེན་པོ་བྱུང་འདུག ཁོང་རང་ལ་མེ་མདའ་རྒྱག་མཁན་དབྱིན་ཇིའི་དམག་མི་དེ་མཇུག་ཏུ་ངོ་ཤེས་པ་མ་ཟད། ཁོང་གཉིས་གྲོགས་པོ་ཆགས། ངོས་རང་དེ་དུས་བྱང་ཨར་ལེན་ཌིར་ཡོད་སྐབས། ཁོང་གཉིས་མཉམ་དུ་ཐུག་སྟེ་དངོས་གནས་ཧ་ལས་པའི་ཡག་པོ་རེད། ང་ཚོ་འཛམ་གླིང་འདིའི་སྒང་མི་དུང་ཕྱུར་དྲུག་ཅུ་ལྷག་ཙམ་ཡོད་པ་དེ་དག་ནང་དེ་འདྲའི་བསམ་བློའི་མིག་ལྟོས་འོས་པ་ཞིག་བསྟན་ཐུབ་པ་བྱུང་ན། དངོས་གནས་ཕན་ཐོགས་ཡོང་རྒྱུ་ཡིན་དུས། ཁོང་རང་ལ་སྐབས་དེར་གལ་སྲིད་ཁྱེད་རང་རྒྱ་གར་ལ་རིམ་པས་ཡོང་ཐུབ་ན་ཡག་པོ་ཡོང་བ་འདུག་ཅེས་སྐད་ཆ་བྱུང་བ་བཞིན། དེ་རིང་ཁོང་རང་འདིར་ཕེབས་པ་རེད། འདིར་ཁོང་རང་ཡོང་རྒྱུའི་གཏན་འཁེལ་སྐབས་ངོས་རང་ཁྱུག་ཙམ་མཇལ་བས་འགྲིག་རྒྱུ་མི་འདུག ང་ཚོ་བོད་པ་མང་ཙམ་དང་ལྷག་པར་སློབ་ཕྲུག་མང་ཙམ་ཞིག་ཐུག་སྟེ་དེའི་སར་ཁོང་གདན་འདྲེན་ཞུས་ཏེ་ཁོ་རང་གི་ཉམས་མྱོང་གང་འདྲ་བྱུང་ཡོད་པ་རྣམས་ཐད་ཀར་ཁྱེད་རང་ཚོར་བཀའ་སློབ་ཅིག་གནང། དེའི་མཇུག་དེར་དྲི་བ་དྲིས་ལན་གནང་རྒྱུ་བྱས་ན་ཡག་པོ་ཡོང་གི་རེད་བསམས་པ་དྲན་བྱུང་། དེར་བརྟེན་དེ་རིང་གྲ་སྒྲིག་བྱེད་སྟངས་འདི་འདྲ་རེད། བྱེད་དགོས་རྒྱུའི་རྒྱུ་མཚན་ད་ལྟ་ངོས་ཀྱིས་གོང་དུ་བརྗོད་པའི་དོན་དག་དེ་རྣམས་རེད། ང་ཚོས་འཛམ་གླིང་སྟེང་ཞི་བདེ་དང་འཚེ་བ་མེད་པ་ཟེར་རྒྱུ་ཞིག་ཁྱབ་སྤེལ་བྱེད་ཀྱི་ཡོད། མི་ཚང་མས་འཛམ་གླིང་ཞི་བདེ་ཞེས་གང་སར་ཟེར་གྱི་འདུག འཛམ་གླིང་ཞི་བདེ་ཞེས་ཁ་ནས་ཚིག་ཞི་བདེ་ཞེས་ཤོད་རྒྱུའི་སྐད་ཆ་མ་རེད། ཞི་བདེ་ཟེར་བ་དེ་རྙོག་གྲ་སུས་བཟོས་པ་རེད་དམ། བཟོ་མཁན་དེའི་སྟེང་བསམ་བློ་བཏང་སྟེ་རྙོག་གྲ་མེད་པའི་ཞི་བདེ་ཞིག་བཟོ་དགོས་པ་རེད་མ་གཏོགས། ཞི་བདེ་ཞེས་བརྗོད་པའི་ཚིག་དེས་ཞི་བདེ་ཡོང་རྒྱུ་མེད། རྙོག་གྲ་བཟོ་མཁན་དེ་གང་རེད་དམ་ཞེས་བརྗོད་ན། ཁོང་ཁྲོ་དང་ངག་རྒྱལ། འཁོན་འཛིན་དེ་དག་གི་བཟོས་ཡོད། དེ་ལ་གཉེན་པོ་བསྟེན་རྒྱུ་མཆོག་ཏུ་འགྱུར་པ་ནི་བཟོད་པའི་ཉམས་ལེན་བྱེད་རྒྱུ་དེ་རེད། བཟོད་པ་ཁ་ནས་བཤད་པ་ཙམ་མ་ཡིན་པར་ངོས་ཀྱིས་ལོ་རྒྱུས་ཤིག་བརྗོད་ཆོག སྔ་མོ་ངོས་ཀྱིས་ཁུ་ནུ་རིན་པོ་ཆེའི་སྐུ་མདུན་ནས་སྤྱོད་འཇུག་བཀའ་ཁྲིད་ཞུ་སྐབས། རིན་པོ་ཆེས་བཟོད་པའི་སྐབས་ལ་འདི་གསུངས་སོང་། སྔོན་མས་ནས་ངོས་ཀྱིས་ཁྱེད་ཚོར་བརྗོད་མྱོང་། ལྷ་སའི་གླིང་སྐོར་དུ་མི་ཞིག་སྐོར་བར་ཕྱིན་པ་རེད། གླིང་སྐོར་གྱི་ས་ཆ་ཞིག་ལ་མི་གཅིག་ཙོག་ཙོག་བྱས་ཏེ་མཚམས་བསྡམས་ནས་བསྡད་ཡོད། གླིང་སྐོར་འགྲོ་མཁན་མི་དེས་ཁྱེད་རང་ག་རེ་བྱེད་ཀྱི་ཡོད་དམ་ཅེས་སྐད་ཆ་འདྲི་སྐབས། ང་བཟོད་པ་སྒོམ་སྟེ་བཟོད་པའི་ཉམས་ལེན་བྱེད་ཀྱི་ཡོད། ཅེས་བརྗོད་པ་རེད། གླིང་སྐོར་འགྲོ་མཁན་མི་དེས་འོ་ན་ཁྱེད་རང་སྐྱག་པ་ཟོ་ཨང་། ཞེས་བརྗོད་པར་བཟོད་པ་སྒོམ་གྱི་ཡོད་ཟེར་མཁན་མི་དེས། སྐྱག་པ་ཁྱོད་རང་ཟོ་ཞེས་ལབ་པ་རེད། སྐྱིད་པོ་ཡོད་སྐབས་བཟང་མདོག་ཁ་པོ་དང་། ནམ་རྒྱུན་བཀའ་གདམས་པ་ཚོས་གསུངས་པ་ལྟར་རེད། ལྟོ་འགྲངས་ཉི་མ་དྲོས་ཚེ་ཆོས་པའི་གཟུགས། གྲོད་ཁོག་རྒྱག་ཉི་མ་དྲོད་པོ་དང་ལྷོད་ལྷོད་ཡོད་དུས། ཆོས་པ་རྣམ་དག་ཡིན་པའི་ལྟ་བུ་ཞིག་སྤྱན་སྤུ་ཟིང་ཟིང་ལངས་ཏེ་སྤྱན་མིག་གྱེན་དུ་གཟིགས་ནས་བཞུགས་མཁན་ཞིག དེར་གནོད་པ་སྐྱེལ་མཁན་ཞིག་བྱུང་ན་དེ་མ་ཐག་ཐ་མལ་པ་རང་བྱས་ཏེ་རྒྱག་རེས་རྒྱག་དགོས་སར་རྒྱག་རེས་བརྒྱབ། སྡུག་ས་ནས་གཞུ་རེས་བཏང་དགོས་བྱུང་ན་གཞུ་རེས་བཏང་། གྲི་རྒྱག་དགོས་བྱུང་ན་གྲི་བརྒྱབ་པ་འདིར་དེ་གསུང་གི་ཡོད། ལྟོ་འགྲངས་ཉི་མ་དྲོས་ཚེ་ཆོས་པའི་གཟུགས། རྐྱེན་ངན་ཐོག་ཏུ་བབ་ཚེ་ཐ་མལ་པ། གསུངས་པ་དེ་རེད། ཁོང་ལྟ་བུ་ཞིག་གི་རྐྱེན་ངན་ཐོག་ཏུ་བབ་སྐབས། བསམ་བློ་དེ་འདྲ་བཏང་བ་དེ་དངོས་གནས་ཁོ་རང་ཆོས་ཉམས་ལེན་བྱེད་མཁན་ཞིག་མ་རེད། ཡིན་ནའང་ཆོས་ཀྱི་ཉམས་ལེན་དེ་ལག་ལེན་དུ་དངོས་སུ་བསྐྱལ་ནས་དེའང་ཛ་དྲག་གི་གནས་ཚུལ་ཞིག་འོག་ནས་ལག་ལེན་དུ་བསྐྱལ་བ་དེ་ཧ་ཅང་གི་རླབས་ཆེན་པོ་རེད། དེ་ཁྱེད་རང་ཚོར་བརྗོད་འདོད་བྱུང། ཞེས་བཀའ་སློབ་སྕལ་ཡོད།།