༢༠༡༠ ཟླ་ ༥ ཚེས་ ༡༧ རེས་གཟའ་ཟླ་བ།
༄༅། རང་ཅག་རྣམས་ལ་བཀའ་དྲིན་མཚུངས་ཟླ་མ་མཆིས་པ་སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་ཨ་རིའི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་དང་། ཆོས་ཚོགས། གཞན་ཡང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་སོགས་ནས་ཇི་ལྟར་གདན་ཞུའི་གསོལ་འདེབས་ཞུས་དོན་ལྟར། ལོ་འདིའི་ཕྱི་ཟླ་ ༥ ཚེས་ ༡༡ ནས་ཚེས་ ༢༤ བར་ཉིན་གྲངས་ ༡༣ རིང་ཨ་རིའི་མངའ་སྡེ་དང་། གྲོང་ཁྱེར་ཁ་ཤས་ནང་བཀའ་སློབ་དང་། ཆོས་འབྲེལ། ཕྱི་ནང་མང་ཚོགས་ལ་མཇལ་ཁ། སྙན་གྲགས་ཅན་གྱི་ཚན་རིག་དང་། དེ་མིན་གྱི་གྲགས་ཅན་མི་སྣ་མང་པོའི་ལྷན་དུ་བགྲོ་གླེང་མཛད་པ་སོགས་རླབས་ཆེན་གྱི་མཛད་འཕྲིན་རྒྱ་ཆེ་བསྐྱངས་ཡོད། དེ་ཡང་ཕྱི་ཟླ་ ༥ ཚེས་ ༡༩ ནས་ཚེས་ ༢༣ བར་ནིའུ་ཡོཀ་གྲོང་ཁྱེར་ནང་ཆིབས་སྒྱུར་བཀའ་དྲིན་བསྐྱངས་པ་དེ་ནི་ར་སྟོད་སྐྱོང་བླ་སྤྲུལ་སྐུའི་ཆོས་ཚོགས་དང་། གྲགས་ཅན་གློག་བརྙན་འཁྲབ་སྟོན་པ་རི་ཅ་གྷིར་རིའི་ (Healing The Devide) ཞེས་པའི་ཚོགས་པ་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བྱང་ཆུབ་སེམས་འགྲེལ་དང་། སྤྱོད་འཇུག་གི་བཀའ་ཆོས་སྕོལ་གནང་ཡོང་བའི་ཇི་ལྟར་གསོལ་འདེབས་ཞུས་དོན་བཞིན་ཞལ་བཞེས་སྨིན་སྩལ་ཐོབ་སྟེ་ཆོས་འབྲེལ་སྩལ་ཡོད།
དེ་ཡང་ར་སྟོད་སྐྱོང་བླ་རིན་པོ་ཆེའི་ཀུན་ཁྱབ་ཐར་འདོད་གླིང་ངམ་དབྱིན་སྐད་ནང་ (The Tibet Center) ཞེས་པའི་ཆོས་ཚོགས་དེ་ནི་ཨ་རིའི་གྲོང་ཁྱེར་ནིའུ་ཡོཀ་ནང་ཡོད་པ་དང་། ཕྱི་ལོ་ ༡༩༧༥ ལོར་བཙུགས་པའི་ཨ་རིའི་ནང་ཆོས་ཚོགས་རྙིང་ཤོས་ཤིག་ཆགས་ཡོད། ཕྱི་ཟླ་ ༥ ཚེས་ ༡༩ ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཨ་རིའི་མངའ་སྡེ་ཨའེ་ཡོ་ཝ་ནས་ནིའུ་ཡོཀ་གྲོང་ཁྱེར་གྱི་གནམ་ཐང་དུ་༸ཞབས་སོར་འཁོད་སྐབས་ཀུན་ཁྱབ་ཐར་འདོད་གླིང་ཆོས་ཚོགས་ཀྱི་དབུ་འཛིན་ར་སྟོད་སྐྱོང་བླ་རིན་པོ་ཆེ་མཆོག་དང་། གློག་བརྙན་འཁྲབ་སྟོན་པ་རི་ཅ་གྷེར། བོད་གཞུང་ཨ་རི་སྐུ་ཚབ་དོན་གཅོད་ཁང་གི་དྲུང་ཆེ་ལས་འཕར་ཚེ་དབང་ཕུན་ཚོགས། ཀུན་ཁྱབ་ཐར་འདོད་གླིང་ཆོས་ཚོགས་ཀྱི་དགེ་བཤེས་ཕྱི་རྒྱལ་བ་ནིག་གྷིལ་ལགས་སོགས་འབྲེལ་ཡོད་ཁག་གཅིག་ནས་གནམ་ཐང་དུ་ཕེབས་བསུ་གཟབ་རྒྱས་ཞུས་ཤིང་། ཉིན་དེའི་ཕྱེད་ཡོལ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཀུན་ཁྱབ་ཐར་འདོད་གླིང་ཆོས་ཚོགས་ཀྱི་འབྲེལ་ཡོད་རྣམས་དང་། རྒྱབ་སྐྱོར་བ་བརྒྱ་ལྷག་ཙམ་ལ་མཇལ་ཁ་སྩལ་ཏེ་བཀའ་སློབ་ཕེབས་དོན། ར་སྟོད་སྐྱོང་བླ་རིན་པོ་ཆེ་ནི་ལྷག་བསམ་རྣམ་དག་དང་། མཁས་པ་ཆེན་པོ་ཞིག་རེད་ཅེས་ཚོགས་ཡོངས་སུ་བསྔགས་བརྗོད་ཡོད་ཅིང། རིན་པོ་ཆེ་དང་། ངོས་རང་གཉིས་༸སྐྱབས་རྗེ་ཡོངས་འཛིན་གླིང་རྡོ་རྗེ་འཆང་སྐུ་གོང་མའི་དགེ་ཕྲུག་གཅིག་གྱུར་ཡིན་ཞེས་བཀའ་སྩལ་བ་དང་། རི་ཅཱ་གྷིར་ནི་བོད་ཀྱི་ནང་ཆོས་ལ་དོ་སྣང་ཡོད་པ་ཙམ་མ་ཟད། བོད་པའི་དོན་དག་ལ་ཡང་དོ་སྣང་ཡོད་མཁན་ཅིག་ཡིན་པས་ཁོང་ནི་འགྱུར་བ་མེད་པའི་བོད་ཀྱི་གྲོགས་པོ་ཞིག་ཡིན་ཞེས་བསྔགས་བརྗོད་མཛད་ཡོད། ཕྱི་ཟླ་ ༥ ཚེས་ ༢༠ ནས་བཟུང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཨ་རིའི་ནིའུ་ཡོཀ་གྲོང་ཁྱེར་ནང་ཡོད་ (Radio City) ཞེས་པའི་དེང་དུས་ཀྱི་ཆ་རྐྱེན་ཚང་བའི་ཚོགས་ཁང་དུ་མགོན་པོ་ཀླུ་སྒྲུབ་ཀྱིས་མཛད་པའི་བྱང་ཆུབ་སེམས་འགྲེལ་དང་། རྒྱལ་སྲས་ཆེན་པོ་ཞི་བ་ལྷས་མཛད་པའི་སྤྱོད་འཇུག་གི་བཀའ་ཆོས་དབུ་འཛུགས་བསྐྱངས། བཀའ་ཆོས་སུ་ཕྱི་རྒྱལ་མི་རིགས་དང་། ཧི་མ་ལའི་རི་རྒྱུད་ཀྱི་མི་སྣ། ཝེ་ཏི་ནམ། བོད་རིགས། རྒྱ་རིགས་སོགས་མི་རིགས་འདྲ་མིན་གྱི་དད་ལྡན་ཆོས་ཞུ་བ་ ༦༠༠༠ ཙམ་གྱིས་སྐོམ་པ་ཆུ་འདོད་བཞིན་དུ་བཀའ་ཆོས་ཉན་པར་ཕེབས་ཡོད་པ་རེད། ཀུན་ཁྱབ་ཐར་འདོད་གླིང་གིས་༸གོང་ས་མཆོག་གི་བཀའ་ཆོས་རྣམས་དབྱིན་སྐད་དང་། རྒྱ་སྐད། ཀོང་ཏུང་བཅས་ཀྱི་སྐད་ནང་སྒྱུར་མཁན་དམིགས་བསལ་གྱི་སྐད་སྒྱུར་གྲ་སྒྲིག་ཞུས་ཡོད་པ་དང་། དགེ་འདུན་པ་རྣམས་ལ་བཀའ་ཆོས་ཀྱི་ཕྱག་འཁྱེར་རིན་མེད་དུ་ཕུལ་ཡོད་པ་བཅས།།