༢༠༡༠ ཕྱི་ཟླ་ ༤ ཚེས་ ༢༨ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༠ ཟླ་ ༤ ཚེས་ ༢༧ ཉིན་བཙན་བྱོལ་བོད་གཞུང་ཆོས་རིག་ལས་ཁུངས་ནས་གོ་སྒྲིག་ཐོག་ཉེ་ཆར་སྐྱེ་རྒུ་མདོར་ས་ཡོམ་གྱི་གོད་ཆག་འོག་མང་ཚོགས་སྟོང་ཕྲག་མང་པོ་རྐྱེན་འདས་སུ་གྱུར་བའི་རྣམས་ཀྱི་བདུན་ཚིགས་གཉིས་པར་སྨོན་ལམ་གསོལ་འདེབས་གནང་ཡོད། དེ་ཡང་གོང་ཚེས་ཉིན་ཕྱེད་ཡོལ་ཆུད་ཚོད་ ༡ ཐོག་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཐོག་རྡ་སར་བཅའ་བཞུགས་བླ་སྤྲུལ་རྣམ་པ་དང་། དགེ་བཙུན་རྣམ་པ། མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ། རང་དབང་ཅན་གྱི་སྡེ་ཚན་ཁག་གི་འགན་འཛིན་རྣམ་པ། གཞུང་ཞབས་རྣམ་པ། སེར་སྐྱ་མི་མང་རྣམ་པ། དེ་བཞིན་སློབ་ཕྲུག་བཅས་མི་གྲངས་ ༥༠༠༠ བརྒལ་བ་འདུ་འཛོམས་ཐོག་རྐྱེན་འདས་སུ་གྱུར་བ་རྣམས་ནས་ཚེ་རབས་ཕྲེང་བར་བསགས་པའི་སྡིག་ལྟུང་མ་ལུས་བྱང་ཞིང་དལ་རྟེན་རིམ་བརྒྱུད་ཀྱི་བླ་མེད་རྫོགས་བྱང་མྱུར་དུ་འཐོབ་པ་དང་། རྨས་སྐྱོན་ཕོག་པ་རྣམས་ཀྱང་མྱུར་དུ་དྲག་སྐྱེད་ཐོག་ཚེ་ལྷག་དོན་ལྡན་ཡོང་བ་དང་ཆབས་ཅིག་མང་ཚོགས་ཀྱི་བདེ་སྐྱིད་སླར་གསོ་ཡོང་བ་བཅས་ལ་དམིགས་ཏེ་མཆོད་འབུལ་སྨོན་ལམ་གཟབ་རྒྱས་ཤིག་གནང་ཡོད།
དེ་ཉིན་སྔ་དྲོ་བོད་གཞིས་བྱེས་གཉིས་སུ་གནས་པའི་ཇོ་ནང་ཆོས་རྒྱུད་འཛིན་པ་རྣམས་དང་། རྡ་སའི་ས་གནས་འཐུས་ཚོགས། ས་གནས་འགོ་འཛིན། རང་བདེན་ཚོགས་ཆུང་དང་ཁྱབ་ཁོངས་སེར་སྐྱ་མི་མང་བཅས་ནས་བརྟན་བཞུགས་བསྟར་འབུལ་རྗེས་༸གོང་ས་མཆོག་གིས་བཀའ་སློབ་ཕེབས་དོན། ཕྱིར་མི་མང་པོ་ཞིག་བསླེབས་འདུག དེ་རིང་ཕྱི་དྲོ་ང་ཚོ། བར་སྐབས་སྐྱེ་རྒུ་མདོའི་ཁུལ་དུ་ས་ཡོམ་ཚབས་ཆེ་བརྒྱབ་པའི་རྐྱེན་གྱིས་མི་མང་པོ་ཞིག་འདས་གྲོངས་སུ་ཕྱིན་ཡོད། དེ་བཞིན་མི་མང་པོ་ཞིག་སོ་སོའི་ཕ་མ་སྤུན་མཆེད་གཉེན་ཉེ་འཁོར་མང་པོ་ཞིག་འདས་གྲོངས་སུ་ཕྱིན་པར་བརྟེན། སེམས་ལ་སྐྱོ་སྣང་ཏན་ཏན་ཡོང་གི་རེད། གཙོ་བོ་དེ་སྤྱོད་འཇུག་ནས། གལ་ཏེ་བཅོས་སུ་ཡོད་ན་ནི། དེ་ལ་མི་དགར་ཅི་ཞིག་ཡོད།གལ་ཏེ་བཅོས་སུ་མེད་ན་ནི། དེ་ལ་མི་དགའ་བྱས་ཅི་ཕན། ཞེས་གསུངས་ཡོད། བྱུང་ཟིན་པ་དེ་དག་ནི་སོ་སོའི་ལས་དབང་གི་བྱུང་བ་རེད། ལྡོག་ཏུ་མེད། མ་འོངས་པར་ང་ཚོས་ལས་དབང་གི་སྐད་ཆ་ཤོད་རྒྱུ་མ་རེད། ལས་ཞེས་པ་དེར་ང་ཚོ་གོ་བ་ཡག་པོ་མ་ཆགས་མཁན་གྱི་མི་ཚོས། ལས་འབྲས་ཞེས་བརྗོད་དུས་ལག་པ་ཕྱི་ས་ལྟ་བུ་མཐོང་གི་འདུག ཧ་ལམ་འཇིག་རྟེན་བཀོད་པ་པོ་འདོད་མཁན་གྱི་འཇིག་རྟེན་བཀོད་པ་པོའི་བཟོ་ལྟ་བུ་ཞིག་སྔར་བྱུང་ཟིན་པ་དེ་དག་ལས་ཀྱིས་བྱས་པ་རེད་ཟེར་རྒྱུ་ཞིག་དང་། མ་འོངས་པ་ཡང་ལས་ཀྱི་ག་པར་བཞག་བཞག་རེད་ཅེས་བརྗོད་རྒྱུ་དེ་འཇིག་རྟེན་བཀོད་པ་པོའི་ལྟ་ཚུལ་ནང་བཞིན་ཆགས་ཀྱི་ཡོད། སངས་རྒྱས་ཀྱི་ཆོས་ནང་དེ་མ་རེད། ལས་ཞེས་པ་དེ་བྱ་བ་རེད། བྱ་བ་དེ་བྱེད་པ་པོ་ཞིག་གིས་བྱས་པའི་དོན་རེད། དེ་འདྲ་ཡིན་དུས་བྱུང་ཟིན་པ་དེ་དག་བྱེད་པ་པོ་རང་ཉིད་ཀྱིས་བྱ་བ་གང་ཡང་རུང་བ་མ་དག་ཅིག་བྱས་པའི་རྐྱེན་གྱིས་སྡུག་བསྔལ་དེ་བྱུང་བ་རེད། དེ་ལ་ལས་འབྲས་འཁོར་བ་ཟེར་གྱི་ཡོད། མ་འོངས་པ་དེ་བྱ་བ་ཞིག་ཡིན་ན། བྱེད་པ་པོ་དེས་བྱེད་དགོས་ཀྱི་ཡོད། དེ་འདྲ་ཡིན་དུས་ལས་ཞེས་པ་དེ་སོ་སོས་བསགས་ཀྱི་ཡོད།
ལས་ཞེས་བརྗོད་སྐབས་ཡིན་གཅིག་མིན་གཅིག་སྐྱེ་བ་ཕྱི་མའི་སྐད་ཆ་ཤོད་ཀྱི་མེད། མི་ཚེ་འདི་ག་རང་ལ། དཔེར་ན། འཚོང་གི་ལས་ཀ་བྱེད་མཁན་ཞིག་གིས་ཉིན་མ་གཅིག་འཚོང་གི་ལས་ཀ་ཧུར་ཐག་བྱས་པ་ཡིན་ན།ཁེ་བཟང་གང་ཙམ་ཡོང་གི་ཡོད་པ་དེ་དག་ལས་འབྲས་རེད། འཚོང་ཧུར་ཐག་བརྒྱབ་པའི་བྱ་བ་དེའི་འབྲས་བུ་ཁེ་བཟང་ཡོང་གི་ཡོད། ཁེ་བཟང་གི་དངུལ་དེ་སོ་སོའི་ལྟོ་གོས་དང་ཕྱག་མཆོད་འབུལ་བྱེད་རྒྱུ་ཡོང་གི་ཡོད། དེ་དག་ཚང་མ་སོ་སོའི་བྱ་བ་ལ་བརྟེན་ནས་ཡོང་རྒྱུ་ཞིག་ཡིན། མ་འོངས་པར་དཔེར་ན། ས་ཡོམ་གྱི་གནས་ཚུལ་ལ་ཆ་བཞག་ནའང་། གལ་ཏེ་བཅོས་སུ་ཡོད་ན་ནི། དེ་ལ་མི་དགར་ཅི་ཞིག་ཡོད། ཅེས་གསུངས་པ་དེ་རེད། སོ་སོའི་ཐབས་ཤེས་བྱས། ཁང་པ་དང་སློབ་གྲྭ་འཛུགས་སྐྲུན་བྱེད་རྒྱུ་གང་ཡིན་རུང་། མ་འོངས་པར་ཡོང་སྲིད་པར་བསམ་བློ་བཏང་སྟེ་དེ་ལུགས་ཀྱི་འཛུགས་སྐྲུན་སྲ་བརྟན་ཞིག་བྱས་པ་ཡིན་ན་ཕན་གྱི་རེད། སེམས་ཁྲལ་བྱས་ནས་སེམས་ཞུམ། ཁུམ་བསྡད་ན། ཞུམ་པས་ཕོངས་པ་ལས་ཐར་རྒྱུ་ཞིག་རྩ་བ་མེད། སེམས་མ་ཞུམ་པ་བྱས། བྱུང་ཟིན་པ་རེད། གལ་ཏེ་བཅོས་སུ་མེད་པ་རེད། གལ་ཏེ་བཅོས་སུ་མེད་ན་ནི། དེ་ལ་མི་དགར་བྱས་ཅི་ཕན། སྡུག་བསྔལ་སྒོམ་ནས་ཕན་རྒྱུ་གང་ཡང་མི་འདུག མ་འོངས་པར། གལ་ཏེ་བཅོས་སུ་ཡོད་པ་ཞིག་ཡིན་ན། དེ་ལ་མི་དགའ་བྱས། སེམས་ཞུམ་ནས་སྡོད་དགོས་རྒྱུ་མེད། དཀའ་ལས་བརྒྱབ། འབད་བརྩོན་བྱས། སེམས་ཤུགས་མ་ཆགས་པ་ཞིག་བྱེད་ཀྱི་ཡིན་ན། གལ་ཏེ་བཅོས་སུ་ཡོད་ན་ནི། དེ་ལ་མི་དགར་ཅི་ཞིག་ཡོད། ཅེས་པ་དེ་རེད།
དེར་བརྟེན་ང་ཚོ་ཚང་མས་དེ་རིང་འདིར་འདས་སོན་ཚོའི་ཆེད་དུ་སྨོན་ལམ་རྒྱག་རྒྱུ་དང་ཞོར་དུ་ད་ལྟ་བོད་ནང་ལ་སྡུག་བསྔལ་མྱངས་དང་མྱོང་བཞིན་པ་རྣམས་ནས་སེམས་ཤུགས་མ་ཆགས་པར་བྱས། ཕྱོགས་གཅིག་ནས་སེམས་གསོ་དང་འཚམས་འདྲི་བྱེད་རྒྱུ་ཡིན། གཙོ་བོ་སེམས་ཤུགས་མ་ཆགས་བྱེད་དགོས།ང་ཚོ་བོད་རིགས་ས་ཁུལ་ཡས་མས་ནས་ཞལ་འདེབས་སྤྲོད་རྒྱུ་རེད། དེ་བཞིན་ས་གནས་ས་ཐོག་གི་གཡས་གཡོན་དུ་ཡོད་པའི་དགོན་པ་མང་པོ་ཞིག་ནས་དགེ་འདུན་པ་མང་པོ་ཞིག་བསླེབས་ཏེ་ཧུར་ཐག་འབད་ཐག་གིས་རོགས་སྐྱོར་བྱས་འདུག ཧ་ཅང་དགའ་པོ་བྱུང་། དེ་དག་ང་རང་ཚོ་ཆོས་དང་ལས་འབྲས། དེ་བཞིན་དགེ་སྡིག་ཁས་ལེན་མཁན་ཞིག་རེད། དེར་བརྟེན་དངུལ་ཞལ་འདེབས་སྒོར་གཅིག་སྤྲད་པ་ཡིན་ནའང་། དེ་བསམ་པ་རྣམ་པར་དག་པའི་སྒོ་ནས་ཞལ་འདེབས་བརྒྱབ་པ་དང་ཆབས་ཅིག འཇམ་དཔལ་དཔའ་བོས་ཇི་ལྟར་མཁྱེན་པ་དང་། ཀུན་ཏུ་བཟང་པོ་དེ་ཡང་དེ་བཞིན་ཏེ། དེ་དག་ཀུན་གྱི་རྗེས་སུ་བདག་སློབ་ཕྱིར། དགེ་བ་འདི་དག་ཐམས་རབ་ཏུ་བསྔོ། ཞེས་བསྔོ་བ་དང་སྨོན་ལམ་གྱི་མཚམས་སྦྱར་ཏེ་བྱེད་ཀྱི་ཡིན་ན། སོ་སོས་དངོས་སུ་ཕ་གིར་དངུལ་སྤྲད་པའི་དགེ་བའི་ཕན་ཐོགས་ཤིག་བྱུང་ཡོད་པ་དང། དགེ་བའི་བྱ་བ་དེ་ལ་བརྟེན་ནས་སེམས་བསྐྱེད་ཀྱི་བསམ་པས་ཟིན་པ་ཞིག་བྱུང་བ་ཡིན་ན། དགེ་བ་རླབས་པོ་ཆེ་ཡོང་ཐུབ་རྒྱུ་རེད། དེ་འདྲ་མིན་ཡང་གང་ལྟར་ཕན་པའི་བསམ་པ་ཡག་པོ་ཞིག་གི་ཐོག་ནས་དགེ་བ་བསྒྲུབས་ཡོད་པ་དེ་བསྔོ་བ་བྱེད་ཀྱི་ཡིན་ན། དེའི་ཚོད་ཀྱི་སྦྱོར་དངོས་རྗེས་གསུམ་ཚང་བ་སྤུས་དག་པོ་ཞིག་ཡོང་གི་རེད། དེ་གཅིག་ངོས་ཀྱིས་ཤོད་འདོད་བྱུང་། དེ་དང་ཆབས་ཅིག་རྒྱ་ནག་གི་ས་ཁུལ་མང་པོ་ཞིག་ནས། དེ་བཞིན་རྒྱ་ནག་ནང་གི་སྒྱུ་རྩལ་མཁན་དང་། འཚོང་པ། མི་མང་དམངས་ཁྲོད་ནས་ཞལ་འདེབས་མང་པོ་ཞིག་གནང་གི་འདུག དེ་ཚོ་ཚང་མར་ཁ་སང་ཚགས་པར་རྒྱག་མཁན་དང་སྐད་ཆ་བྱུང་། ང་ཚོ་ཧ་ཅང་དགའ་པོ་བྱུང་ཐུགས་རྗེ་ཆེ་ཞེས་བརྗོད་རྒྱུ་བྱུང་། དེ་དག་ལ་དེ་རིང་ཡང་གོ་སྐབས་འདི་བཟུང་ནས་ཐུགས་རྗེ་ཆེ་ཟེར་གྱི་ཡིན། ཞེས་བཀའ་སློབ་ཟབ་རྒྱས་ཕེབས་ཡོད།