༢༠༡༠ ཕྱི་ཟླ་ ༤ ཚེས་ ༡༣ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༡༠ ཟླ་ ༤ ཚེས་ ༨ ཉིན་རང་བྱུང་གཏེར་གྱི་ཕྱུག་པའི་བོད་ཀྱི་ས་ཁུལ་ཁམས་ཉག་རོང་གུ་རུ་དགོན་པའི་དགེ་འདུན་པ་ཞིག་གིས་ཞི་བའི་སྐད་འབོད་བྱེད་སྐབས་རྒྱ་ནག་གཞུང་གི་ཉེན་རྟོག་པས་འཛིན་བཟུང་བྱས་འདུག དེ་ཡང་བཞུགས་སྒར་རྡ་རམ་ས་ལར་གནས་བསྡོད་བྱེད་བཞིན་པའི་གུ་རུ་དགོན་པའི་དགེ་འདུན་པ་བསྟན་འཛིན་ལ་འདི་ག་བཙན་བྱོལ་བོད་གཞུང་ཕྱི་དྲིལ་ལས་ཁུངས་ཀྱི་གསར་འགྱུར་དྲྭ་རྒྱའི་ (Tibetnet) འགན་འཛིན་ལགས་སུ་འགྲེལ་བརྗོད་གནང་དོན། གུ་རུ་དགོན་པའི་གྲྭ་ཚེ་རིང་རྒྱ་མཚོ་རང་ལོ་ ༡༩ སོན་པ་ཞིག་དང་། རང་ལོ་ ༢༢ སོན་པའི་གྲྭ་ཚེ་རིང་དབང་ཕྱུག རང་ལོ་ ༢༢ སོན་པའི་གྲྭ་ཨ་ཕོ་བཀྲ་ཤིས་བཅས་དང་། དེ་བཞིན་རང་ལོ་ ༢༣།༢༤ ཙམ་སོན་པའི་བྱམས་ཆེན་དགོན་པའི་གྲྭ་རིག་འཛིན་རྡོ་རྗེ་བཅས་ནས་ཟླ་ ༤ ཚེས་ ༨ ཉིན་ཁམས་ཉག་རོང་ཁྲོམ་གཞུང་དུ་ལག་ཏུ་བོད་ཀྱི་རྒྱལ་དར་འཁྱེར་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་ཡུན་རིང་བརྟན་པ་དང་། རྒྱལ་བ་བསྟན་འཛིན་རྒྱ་མཚོ་བོད་ལ་མྱུར་དུ་ཕྱིར་ལོག་ཕེབས་དགོས། བོད་རང་བཙན་ཡིན་ཞེས་པའི་འབོད་ཚིག་བསྒྲོགས་སྐབས་རིམ་པས་ས་གནས་དེའི་བོད་མི་གྲངས་ ༥༠༠ ལྷག་མཉམ་ཞུགས་གནང་སྟེ་རྒྱ་ནག་གཞུང་གིས་ཁམས་ཉག་རོང་ཁུལ་དུ་གཏེར་ཁ་གང་བྱུང་སྔོག་འདོན་བྱས་པར་ངོ་རྒོལ་བྱས་ཡོད། ད་དུང་ས་གནས་དེའི་མི་མང་ནས་རྒྱ་ནག་གཞུང་གིས་གཏེར་ཁ་སྔོག་འདོན་བྱ་རྒྱུ་དེ་མཚམས་འཇོག་མ་བྱས་བར་ས་ཞིང་འདེབས་ལས་བྱ་རྒྱུ་མིན་པའི་དམ་བཅའ་ཡང་བཞག་འདུག དེ་བཞིན་ཁམས་ཉག་རོང་ས་ཁུལ་ནས་གསེར་ཕོན་ཆེ་ཐོན་གྱི་ཡོད་པ་མ་ཟད་རིན་ཐང་ཆེ་བའི་རྡོ་རིགས་ཀྱང་མང་པོ་ཐོན་གྱི་ཡོད་པ་རྣམས་རྒྱ་ནག་གཞུང་གིས་སྔོག་འདོན་བྱས་ཏེ་གཏེར་ཁ་དེ་དག་རྒྱ་ནག་ཏུ་འོར་འདྲེན་བྱེད་བཞིན་ཡོད་པ་རེད། ཞི་རྒོལ་དེ་པར་ལེན་བྱེད་མཁན་ཨ་ཕོ་བཀྲ་ཤིས་ལགས་རྒྱ་ནག་གཞུང་གི་ཉེན་རྟོག་པས་འཛིན་བཟུང་བྱས་ཏེ་ད་ལྟ་གང་དུ་ཡོད་ཤེས་རྟོགས་མེད་པར་གྱུར་ཡོད་པ་བཅས།།