༢༠༡༠ ཕྱི་ཟླ་ ༤ ཚེས་ ༥ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༠ ཟླ་ ༤ ཚེས་ ༣ ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་རྒྱ་གར་གྱི་གནས་མཆོག་ Haridwar ཧ་རི་ཌ་ཝར་ནང་ཡོད་ཧིན་དྷུའི་བླ་ཆེན་ Swami Gurusharanandji Maharaj ནས་ཧིན་དྷུའི་ཆོས་ལུགས་ཀྱི་ཚིག་མཛོད་ཤེས་བྱ་ཀུན་བསྡུས་ཞེས་པ་དབུ་འབྱེད་བསྐྱང་རྒྱུར་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར་བཀའ་བཞེས་བཟང་པོ་ཐོབ་སྟེ་ཆིབས་སྒྱུར་བསྐྱངས་ཡོད།
དེ་ཡང་མཛད་སྒོའི་སྐུ་མགྲོན་དུ་རྒྱ་གར་གྱི་དེ་སྔའི་སྲིད་བློན་གཞོན་པ་དང་བི་ཇེ་པའི་ B J P དཔོན་རིགས་ཨེལ་ཀི་ཨ་ཌ་ཝ་ནི་ L. k Advani མཆོག་དང་། ཨུ་ཊར་ཁ་ Uttarkhand མངའ་སྡེའི་བློན་ཆེན་ Chief Minister Dr.Ramesh སོགས་ཧིན་དྷུའི་བླ་ཆེན་ ༢༠ ཙམ་ལྷན་འཛོམས་ཐོག་༸གོང་ས་མཆོག་གིས་ Encyclopedia on Hinduism ཞེས་པའི་ཧིན་དྷུའི་ཆོས་ལུགས་ཀྱི་ཤེས་བྱ་ཀུན་བསྡུས་ཚིག་མཛོད་དབུ་འབྱེད་བསྐྱངས་པ་དང་སྦྲགས་བཀའ་སློབ་སྩལ་དོན། དེ་རིང་གནས་ཁྱད་པར་ཅན་འདིར་ཆོས་ཕྱོགས་ཀྱི་བྱ་བ་རླབས་ཆེན་པོ་ཞིག་ཧིན་རྡུའི་ཆོས་ལུགས་ཀྱི་ཚིག་མཛོད་འདི་འདྲ་ཞིག་ལོ་མང་པོའི་རིང་དཀའ་ལས་བརྒྱབ་སྟེ་དེ་རིང་འདིར་དངོས་སུ་དབུ་འབྱེད་བྱེད་རྒྱུའི་གོ་སྐབས་བྱུང་བ་རེད། ངོས་ལ་ཆ་བཞག་ནའང་ཧ་ཅང་སྐལ་པ་བཟང་པོ་བྱུང་། ཁྱེད་རང་ཚོ་འདིའི་ཐོག་ཕྱག་ལས་གནང་མཁན་རྣམས་ལ་བཀྲི་ཤིས་བདེ་ལེགས་དང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། དེ་རིང་དེབ་དབུ་འབྱེད་ཀྱི་མཛད་སྒོར་གནས་ཁྱད་པར་ཅན་འདིར་ཧིན་དྷུའི་བླ་མ་མང་པོ་ཞིག་ཕེབས་ཐུབ་པ་བྱུང་བ་དང་དེ་བཞིན་ཇེན་གྱི་བླ་མ། ཡེ་ཤུའི་བླ་མ། སིག་གི་བླ་མ་མང་པོ་ཞིག་ཀྱང་འདིར་ཕེབས་ནས་འཛོམས་ཐུབ་པ་བྱུང་བ་དེ་ནི་རྒྱ་གར་གྱི་དངོས་གནས་ལོ་ངོ་སྟོང་ཕྲག་གི་ཆོས་ལུགས་མཐུན་པོ་བྱེད་རྒྱུའི་སྲོལ་རྒྱུན་ཞིག་ཡོད་པ་རེད། སྲོལ་རྒྱུན་དེ་དུས་ད་ལྟ་ཡིན་ཡང་ཧ་ཅང་གསལ་པོ་ཡོད་པ་ཞིག་ཡིན།
ནང་པའི་ཆོས་ལ་ངོས་ཀྱིས་དུམ་བུ་གསུམ་དུ་དབྱེ་འབྱེད་བྱེད་ཀྱི་ཡོད། ནང་ཆོས་ཀྱི་ཚན་རིག་དང་། ནང་ཆོས་ཀྱི་ལྟ་གྲུབ། ནང་ཆོས་ཀྱི་ཆོས་ཞེས་དུམ་བུ་གསུམ་ཕྱེ་གི་ཡོད། ཆོས་ཞེས་བརྗོད་པ་ཡིན་ན། ཆོས་ལུགས་སོ་སོའི་དད་མོས་བྱེད་སའི་ཆོས་ཤིག་ཡོད་པ་རེད། ལྟ་གྲུབ་ཅེས་བརྗོད་ན། དེ་བཞིན་ནང་པའི་ཚན་རིག་ཅེས་བརྗོད་པ་ཡིན་ན། དེར་ཆོས་ལུགས་དབྱེ་བ་མེད་པར་ཀུན་ཁྱབ་ཀྱི་ཤེས་བྱ་ཞིག་ཆགས་ཀྱི་ཡོད་པར་བརྟེན། ཧིན་དྷུའི་ཆོས་ཞེས་བརྗོད་ན། ཧིན་དྷུའི་ཆོས་པའི་གྲས་དེ་དག་གི་དོན་དག་ཆགས་ཀྱི་ཡོད་པ་རེད། ཧིན་དྷུའི་ལྟ་གྲུབ་ཅེས་བརྗོད་པ་ཡིན་ན། འཛམ་གླིང་ལ་འབྲེལ་བ་ཡོད་པ་ཞིག་ཆགས་ཀྱི་ཡོད། དེར་བརྟེན་དེ་རིང་གི་ཚིག་མཛོད་འདིས་འཛམ་གླིང་སྤྱིའི་ཐོག་ཡིནའང་གོ་རྟོགས་དང་བློ་གྲོས། རྣམ་དཔྱོད་གསར་པ་བསླེབ་རྒྱུར་ཏན་ཏན་ཕན་ཐོགས་ཡོད་པ་ཞིག་ཡིན། ཞེས་བཀའ་སློབ་ཟབ་རྒྱས་ཕེབས་ཡོད། ཐེངས་འདིའི་མཛད་སྒོར་ཧིན་དྷུའི་ས་ལྷུས་གཙོས་ཕྱི་རྒྱལ་མི་རིགས་དང་། རྒྱ་གར་གྱི་མི་མང་། བོད་རིགས་སོགས་ཁྱོན་མི་གྲངས་སྟོང་ཕྲག་བརྒལ་བ་ལྷན་འཛོམས་བྱུང་ཡོད། དེ་བཞིན་ཧིན་དྷུའི་ཆོས་ལུགས་ཀྱི་དཔེ་དེབ་དབུ་འབྱེད་སོགས་གྲུབ་རྗེས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག Rishikeesh རི་ཤི་ཀི་ལ་ཆིབས་༸ཞལ་བསྒྱུར་བ་བཅས།