༢༠༡༠ ཕྱི་ཟླ་ ༣ ཚེས་ ༡༡ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༡༠ ཟླ་ ༣ ཚེས་ ༡༠ ཉིན་དབུས་གཙང་ཆོལ་ཁ་ནས་གོ་སྒྲིག་ཐོག་བཙན་བྱོལ་དུ་འབྱོར་ནས་མི་ལོ་ལྔ་བཅུའི་དྲན་གསོ་དང་སྟབས་བསྟུན་རྒྱལ་གཅེས་དཔའ་བོའི་རྗེས་དྲན་ལོ་རྒྱུས་སྙིང་བསྡུས་ཤིག་ཕྱི་ལོ་ ༡༩༥༩ ལོའི་འབྱུང་རྐྱེན་ལས་འཕྲོས་པའི་མི་ལོ་ལྔ་བཅུའི་གནས་བབ་ལ་ཕྱི་ལྟ་ཞེས་པའི་དཔེ་དེབ་གཅིག་རྡ་ས་བདེ་དོན་ཚོགས་ཁང་དུ་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་དབུ་འབྱེད་གནང་ཡོད།
དེ་ཡང་ཆུ་ཚོད་ ༡༢།༣༠ ཐོག་སྐུ་མགྲོན་གཙོ་བོ་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་དང་། དེ་བཞིན་དབུས་གཙང་ཚོགས་པའི་ཚོགས་གཙོས་དབུས་རྒྱུན་ལས་རྣམ་པ། སྤྱི་འཐུས་ལས་ཟུར་རྣམ་པ། གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་སྐུ་ཚབ་རྣམ་པ་བཅས་རྡ་ས་བདེ་དོན་ཚོགས་ཁང་དུ་ལྷན་འཛོམས་ཀྱིས་ཐོག་མར་དབུས་གཙང་ཆོལ་ཁའི་སྤྱི་ཁྱབ་ཚོགས་གཙོ་སྤྱི་འཐུས་སྒྲོལ་མ་ཚེ་རིང་ལགས་ཀྱིས་ངོ་སྤྲོད་གསུང་བཤད་གནང་བ་དང་། དེ་རྗེས་སྐུ་མགྲོན་གཙོ་བོ་མཆོག་གིས་དཔེ་དེབ་དབུ་འབྱེད་གནང་བ་སྦྲགས་གསུང་བཤད་གནང་དོན། ང་ཚོ་བཙན་བྱོལ་དུ་འབྱོར་ཏེ་ལོ་ལྔ་བཅུ་འགྲོ་གི་ཡོད། ང་རང་ལ་ཆ་མཚོན་ན་མི་རབས་གཉིས་པ་ཆགས་ཀྱི་ཡོད། ཁྱེད་རྣམ་དགུང་ལོ་བགྲེས་པ་ཚོས་སྤྱི་ཚོགས་ནང་ལོ་མང་ཐུགས་འགན་བཞེས་ཏེ་སྐུ་ངལ་མང་པོ་བསྐྱོན་པའི་བཀའ་དྲིན་ལ་བརྟེན་ནས་ད་ལྟའི་མི་རབས་ཚོར་ཞབས་ཞུའི་ནུས་པ་དེ་བྱུང་ཡོད། ཅེས་སོགས་དང་། ཡང་ཁོང་གིས་གསུང་དོན། སྐབས་རེ་ང་རང་ཚོས་ཆོལ་ཁ་དང་ཆོས་བརྒྱུད་ཤོད་སྐབས་མཐུན་ཕྱོགས་ཀྱི་སྐད་ཆ་མ་ཡིན་པའི་མི་མཐུན་ཕྱོགས་ཀྱི་སྐད་ཆ་མང་པོ་ཡོང་གི་ཡོད། ང་ཚོར་ས་ཆ་སྦར་མོ་གང་མེད་པའི་གནས་སྐབས་འདིར་ནང་ཁུལ་མི་མཐུན་པའི་བསམ་ཚུལ་ཡོད་པ་དེ་ཚོ་ནི་ཧ་ཅང་ཐབས་སྐྱོ་པོའི་གནས་ཚུལ་ཞིག་ཡིན། ༸རྒྱལ་བ་རིན་པོ་ཆེ་དབུ་འོག་ཏུ་ང་ཚོས་ནུས་པ་མཉམ་སྤུངས་དང་གཅིག་སྒྲིལ་བྱེད་དགོས་པ་ཧ་ཅང་གལ་ཆེན་པོ་རེད། དེ་བཞིན་སྐབས་བཅུ་བཞི་པའི་བཀའ་ཤག་འོས་བསྡུ་ཆེན་མོ་སླེབས་ཉེ་དང་།
སྐབས་བཅོ་ལྔ་པའི་སྤྱི་འཐུས་ཀྱི་འོས་བསྡུ་ཆེན་མོ་སླེབས་ཉེ་ཡིན། གང་ལྟར་ཆོལ་ཁ་དབྱེར་མེད་ཐོག་མི་༸གོང་ས་མཆོག་གི་བཀའ་དགོངས་སྒྲུབ་ཐུབ་མཁན་ཞིག་དང་གནའ་དེང་གི་ཤེས་ཡོན་གཉིས་ལྡན། ཕྱོགས་མཚུངས་ལྷག་བསམ་ལ་རྨ་མེད་པ་ཞིག་སླེབས་རྒྱུ་དེ་ནི་གལ་ཆེ་ཆགས་ཀྱི་འདུག་སྙམ་གྱི་ཡོད། ངས་འདིར་ཞུ་དགོས་པའི་རྒྱུ་མཚན་གཅིག་ནི་མི་འབོར་ཆ་ནས་དབུས་གཙང་ཆོལ་ཁ་འདི་ཆེ་ཤོས་ཡིན་པའི་ཆ་ནས་བརྗོད་ཀྱི་ཡོད། དེ་བཞིན་མི་མང་ནང་གོ་རྟོགས་སྤེལ་རྒྱུ་དང་གྲོས་བསྡུར་ལྷུག་པོ་གནང་རྒྱུའི་འབོད་སྐུལ་ཞུ་རྒྱུ་ཡིན་ཞེས་སོགས་ཀྱི་གསུང་བཤད་གནང་། དེ་ནས་དབུ་གཙང་ཆོལ་ཁའི་ཚོགས་གཞོན་ངག་དབང་དཔལ་འབྱོར་ལགས་ནས་ཐུགས་རྗེ་ཆེ་ཞུས་གནང་བ་བཅས་སོ།