༢༠༡༠ ཕྱི་ཟླ་ ༣ ཚེས་ ༢༢ རེས་གཟའ་ཟླ་བ།
༄༅། །བལ་ཡུལ་བོད་གཞུང་སྐུ་ཚབ་དོན་ཁང་ནས་བཏང་གནས་ནང་། ཕྱི་ལོ་ ༢༠༡༠ ཟླ་ ༣ ཚེས་ ༢༠ ཉིན་དགུང་གྲངས་ ༨༥ སོན་པའི་བལ་པོའི་སྲིད་བློན་ཟུར་པ་སྐུ་ཞབས་གིར་རི་ཇ་པར་སཌ་ཀོའི་ར་ལ་མཆོག་ (Girija Prasad Koirala) འདས་གྲོངས་སུ་གྱུར་ཡོད་པར་བརྟེན་བལ་ཡུལ་དུ་གནས་སྡོད་བོད་མི་བཙན་བྱོལ་བ་རྣམས་ཀྱིས་ཕྱི་ཚེས་ ༢༡ ཉིན་བལ་ཡུལ་གྱི་གནས་མཆོག་མཆོད་རྟེན་བྱ་རུང་ཁ་ཤོར་སྐུ་མདུན་དུ་སྐུ་ཞབས་དམ་པ་དེ་ཉིད་ཀྱི་འདས་མཆོད་སྨོན་ལམ་རྒྱ་མི་ཆུང་བ་ཞིག་ཚོགས་ཡོད་སྐོར་བལ་ཡུལ་ནང་གི་དབྱིན་ཡིག་གི་ཉིན་རེའི་གསར་ཤོག་ཧི་མ་ལ་ཡིའི་དུས་བབ་ (The Himalayan Times) ཅེས་པའི་ནང་འཁོད་དོན། བལ་ཡུལ་ནང་རྟེན་གཞི་བྱས་པའི་བཙན་བྱོལ་བོད་མི་ཚོས་བལ་ཡུལ་གྱི་གནས་མཆོག་མཆོད་རྟེན་བྱ་རུང་ཁ་ཤོར་ (Boudhanath Stupa) སྐུ་མདུན་དུ་བལ་ཡུལ་གྱི་སྲིད་བློན་ཟུར་པ་དང་བལ་ཡུལ་ཀོང་རེ་སིའི་ཚོགས་གཙོ་དམ་པ་སྐུ་ཞབས་གིར་རི་ཇ་པར་སཌ་ཀོའི་ར་ལ་མཆོག་གི་འདས་མཆོད་སྨོན་ལམ་ཚོགས་པ་དང་སྦྲགས་མཆོད་མེ་སྟོང་ཚར་ཕུལ་ཡོད།
སྐབས་དེར་བལ་ཡུལ་ནང་རྟེན་གཞི་བྱས་པའི་༸གོང་ས་མཆོག་གི་སྐུ་ཚབ་དོན་གཅོད་འཕྲིན་ལས་རྒྱ་མཚོ་ལགས་ཀྱིས་བོད་མི་རྣམས་ནས་དམིགས་བསལ་མཆོད་འབུལ་གནང་བ་དེ་ནི་བལ་ཡུལ་གྱི་སྙན་གྲགས་ཅན་གྱི་མི་སྣ་མང་པོའི་ཁྲོད་ནས་གཅིག་མེད་པར་གྱུར་བ་དེར་མྱ་ངན་མཚོན་ཆེད་དུ་ཡིན་པ་དང་། དམ་པ་ཁོང་ནི་ཆོས་ལུགས་དང་སྲིད་དོན་གྱི་ལྟ་གྲུབ་དབྱེར་མེད་ཐོག་མི་མང་ཚོར་རྟག་ཏུ་བྱམས་སྐྱོང་དང་ཐུགས་སེམས་བཟང་པོས་གཟིགས་སྐྱོང་གནང་མཁན་ཞིག་བརྗོད་ཡོད་པ་འཁོད་ཡོད། དེ་བཞིན་གསར་ཤོག་དེའི་ནང་བཙན་བྱོལ་བོད་མི་རྣམས་ཀྱིས་དམ་པ་ཁོང་གི་ནང་མི་དང་རྗེས་ཤུལ་བུ་ཕྲུག་དེ་བཞིན་བལ་ཡུལ་མི་མང་ཚོར་གདུང་སེམས་མཉམ་སྐྱེ་ཞུས་ཡོད་པའི་གནས་ཚུལ་རྣམས་འཁོད་ཡོད་པ་བཅས།།