༢༠༡༠ ཕྱི་ཟླ་ ༣ ཚེས་ ༩ རེས་གཟའ་མིག་དམར།
༄༅། །བོད་མི་རྣམས་བཙན་བྱོལ་དུ་འབྱོར་ནས་མི་ལོ་ ༥༠ འཁོར་བའི་དུས་དྲན་སྲུང་བརྩིའི་ཆེད་ ཕྱི་ལོ་ ༢༠༡༠ ཟླ་ ༣ ཚེས་ ༥ ནས་ ༡༢ བར་བདུན་ཕྲག་གཅིག་གི་རིང་ཐེ་ཝན་གྲོང་ཁྱེར་ (Taichung) ཀྲའིེ་ཅུང་དུ་བོད་ཀྱི་གློག་བརྙན་དུས་སྟོན་ཞིག་གོ་སྒྲིག་ཞུས་དང་ཞུ་བཞིན་ཡོད། དེ་ཡང་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཀུན་ཕན་བདེ་རྩ་དང་། (The Foundation For Universal Responsibility of His Holiness the Dalai Lama) ཀྲའི་ཅུང་གྲོང་ཁྱེར་གྱི་རིག་གཞུང་ལས་ཁུངས་ཟུང་འབྲེལ་གྱིས་རྒྱབ་སྐྱོར་ཐོག་ཐེ་ཝན་དུ་ཡོད་པའི་བོད་གཞུང་སྐུ་ཚབ་དོན་གཅོད་ཁང་གིས་དུས་སྟོན་དེ་གོ་སྒྲིག་གནང་བ་ཞིག་ཡིན་འདུག
བོད་ཀྱི་གློག་བརྙན་དུས་སྟོན་དེ་གོ་སྒྲིག་གནང་དགོས་པའི་དམིགས་ཡུལ་གཙོ་བོ་ནི་བོད་ཀྱི་རྒྱལ་རབས་ལོ་རྒྱུས་ནང་གཉན་འཕྲང་ཅན་གྱི་དུས་སྐབས་འདིར་བོད་ཀྱི་གནད་དོན་དང་བོད་མིའི་གནས་སྟངས་ཐོག་གོ་རྟོགས་གཏིང་ཟབ་ཏུ་གཏོང་རྒྱུ་ཡིན་སྐོར་གོ་སྒྲིག་ཚོགས་ཆུང་གིས་འགྲེལ་བརྗོད་བྱས་ཡོད། དུས་སྟོན་དེའི་ཐོག་༸གོང་ས་མཆོག་དང་། བོད་དང་བོད་མིའི་སྐོར་གྱི་གློག་བརྙན་གྲངས་ ༡༢ འདེམས་སྒྲུག་གིས་སྟོན་གནང་རྒྱུ་དང་། དུས་སྟོན་དེའི་དབུ་འབྱེད་ཀྱི་ཉིན་དང་པོར་ཚོགས་འདུ་ཁག་གཉིས་ཚོགས་གནང་ཡོད། དེ་ཡང་ཀའོོ་ཤུང་ནང་ཡོད་པའི་ཕུ་ཡིན་ (Fu Ying University) གཙུག་ལག་སློབ་གཉེར་ཁང་གི་སློབ་དཔོན་སུ་ (Professor Su) མཆོག་གིས་བཙན་བྱོལ་བོད་གཞུང་གི་འཛིན་སྐྱོང་དང་། བཙན་བྱོལ་བོད་མིའི་སྤྱི་ཚོགས་ཀྱི་སྐོར་གཏམ་བཤད་གནང་བ་དང་། དེ་བཞིན་ཐེ་ཝན་བོད་གཞུང་སྐུ་ཚབ་དོན་གཅོད་ཟླ་བ་ཚེ་རིང་ལགས་ཀྱིས་ད་ལྟའི་བོད་ཀྱི་གནད་དོན་དང་བོད་མིའི་གནས་སྟངས་སྐོར་གཏམ་བཤད་གནང་ཡོད་པ་བཅས།།