ཕྱི་ལོ་ ༢༠༠༩ ཟླ་ ༢ ཚེས་ ༢༡ རེས་གཟའ་སྤེན་པ།
༄༅། །བོད་མིའི་ཆོས་སྲིད་གཉིས་ཀྱི་བླ་ན་མེད་པའི་དབུ་ཁྲེིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ཀོ་ལེ་གྷལ་དོན་ལྡན་གླིང་བོད་མིའི་གཞིས་ཆགས་སུ་མཛད་འཆར་ཁག་ལེགས་པར་གྲུབ་མཚམས་ཕྱི་ལོ་ ༢༠༠༩ ཟླ་ ༢ ཚེས་ ༡༩ རེས་གཟའ་ཕུར་བུའི་སྔ་དྲོ་ཐད་འཕུར་གནམ་གྲུ་བརྒྱུད་རྒྱ་གར་གྱི་གྲོང་ཁྱེར་མའི་སོར་དུ་༸ཞབས་སོར་འཁོད་དེ་གྲོང་ཁྱེར་དེའི་ནང་མཛད་འཆར་གྱི་ཐོག་མར་མའི་སོར་(Mysore)ནང་རྟེན་གཞི་བྱས་པའི་རྒྱ་གར་དབུས་གཞུང་གི་སྐད་ཡིག་ཉམས་ཞིབ་བསྟི་གནས་ཁང་(Central Institute of Indian Languages)དུ་ཆིབས་སྒྱུར་བསྐྱངས་ཏེ་བདག་ཅག་གི་སྟོན་པ་ཤཱཀྱ་ཐུབ་པས་གསུངས་པའི་བཀའ་འགྱུར་ཐོག་ལ་འགྲེལ་བརྗོད་སྩལ་ཡོད།
དེ་རྗེས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཁུལ་དེར་རྒྱ་གར་ལྷོ་ཕྱོགས་ཧིན་བོད་མཛའ་འབྲེལ་ཚོགས་པ་དང་། བོད་དོན་རྒྱབ་སྐྱོར་ཚོགས་པའི་འཐུས་མི་ ༥༠ ཙམ་ལ་ཟུར་དུ་མཇལ་འཕྲད་ཀྱིས་ཆུ་ཚོད་ཕྱེད་ཀ་མ་ཟིན་ཙམ་བཀའ་སློབ་བཀའ་དྲིན་སྩལ་གནང་ཡོད་པ་མ་ཟད། དེ་ཉིན་ཕྱེད་ཡོལ་རྒྱ་གར་གྱི་ཧིན་རྡུའི་བླ་ཆེན་ཆེ་གྲས་ཇི་ཨ་སེ་སྭི་མི་ཇིའི་(G S Swamiji)ཡིས་སློབ་གྲྭ་ ༣༠༠ ཙམ་གསར་འཛུགས་གནང་ཡོད་པའི་ནང་ནས་གསར་ཤོས་MBAཚོང་རིགས་ཐོག་ལ་སློབ་སྦྱོང་བྱེད་སའི་སློབ་གྲྭ་དེ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་དབུ་འབྱེད་བཀའ་དྲིན་བསྐྱངས་ཏེ་དེ་གར་བཅར་བའི་མི་མང་ ༤༠༠༠ ལྷག་ཙམ་ལ་བཀའ་སློབ་ཀྱང་སྩལ་གནང་ཡོད།
མའི་སོར་ཁུལ་གྱི་མཛད་འཆར་ཁག་ལེགས་པར་གྲུབ་རྗེས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཐད་འཕུར་གནམ་གྲུའི་ཐོག་མཁའ་ལམ་བརྒྱུད་ནས་ལྷོ་ཕྱོགས་བོད་མིའི་གཞིས་ཆགས་སྦེལ་ཀོབ་ལུགས་གསུམ་བསམ་གྲུབ་གླིང་དུ་ཆིབས་ཞལ་བསྒྱུར་ཏེ་དེ་ཉིན་ཕྱེད་ཡོལ་ཆུ་ཚོས་ ༤།༣༠ ཙམ་ལ་གཞིས་ཆགས་དེར་༸ཞབས་སོར་བདེ་བར་འཁོད་ཡོད།།