༢༠༠༨།༡༡།༡༡
༄༅། །ཕྱི་ཟླ་ ༡༡ ཚེས་ ༧ ཉིན་རྒྱ་ནག་གི་ཤིན་ཧ་གསར་ཁང་ནས་བོད་རྒྱ་འབྲེལ་མོལ་ཐེངས་བརྒྱད་པའི་སྐོར་གསར་འགྱུར་བརྒྱུད་བསྒྲགས་བྱས་པའི་ནང་བོད་མིའི་སྐུ་ཚབ་རྣམས་ལ་རྒྱ་ནག་འཐབ་ཕྱོགས་གཅིག་གྱུར་གྱི་འགོ་གཙོ་རྒན་གཞོན་སོགས་ནས་ད་ལོ་རྒྱལ་ནང་དུ་བཟང་ཕྱོགས་ཀྱི་འཕོ་འགྱུར་མང་པོ་ཐེབས་སྐོར་དང་། མི་རིགས་ས་ཁོངས་རང་སྐྱོང་གི་གནས་བབ་སྐོར་འགྲེལ་བརྗོད་བྱས་ཡོད་ཚུལ་འདུག་ཀྱང་། གཞིས་ལུས་རྒྱ་ཆེའི་མང་ཚོགས་ཀྱིས་ཞི་རྒོལ་སྐབས་བསྟན་པའི་མངོན་འདོད་རྣམས་ལ་བདག་པོ་ག་འདྲ་བརྒྱབ་ཡོད་མེད་སྐོར་ལ་གོ་བསྡུར་ཇི་བྱུང་གི་གསལ་བཤད་གང་ཡང་བྱས་མེད་པ་མ་ཟད། ད་དུང་ཡང་བོད་མི་རྣམས་ལ་ཁྲིམས་ཐག་མུ་མཐུད་གཅོད་བཞིན་པ་དཔེར་ན།
༡༽ཕྱི་ཟླ་ ༡༡ ཚེས་ ༥ ཉིན་རྔ་པ་རྫོང་མི་དམངས་ཁྲིམས་ཁང་ནས་མི་གསུམ་ལ་ཁྲིམས་ཐག་བཅད་པ་དང་། དེའི་ནང་གི་རྭ་ཚེ་བདག་ལ་ལོ་ ༦ དང་གཞན་གཉིས་ལ་(མི་གཞན་གཉིས་ཀྱི་མིང་ཤེས་རྟོགས་བྱུང་མི་འདུག)ལོ་ ༤ རེ་བཅད་འདུག རྭ་ཚེ་བདག་གིས་ཁྲིམས་རར་ད་ལོ་རྒྱལ་ཁབ་ལ་སྒོར་མོ་གྱོང་བརྒྱབ་ཡོད་ན་ཆོག་མོད། ང་ཚོ་བོད་ལ་མི་མང་པོ་གྱོང་བརྒྱབ་སོང་ཞེས་པའི་སྐད་ཆ་བཤད་པས་ལོ་གཉིས་མང་དུ་བཏང་ཡོད་ཚུལ་ལས་ཐོག་མར་ཁོང་གསུམ་གཅིག་མཚུངས་ཀྱིས་ལོ་བཞི་རེ་ཡིན་འདུག
2༽ཕྱི་ཟླ་ ༣ ཟླ་མཇུག་ལ་འཛིན་བཟུང་བྱས་པའི་རྔ་པ་རྫོང་རོང་མུ་འགུ་སྡེ་བའི་འཇིགས་འཕྲིན་ཚང་གི་རྣམ་སྲས་(རང་ལོ་ ༣༨)ལ་ཕྱི་ཟླ་ ༡༡ ཚེས་ ༦ ཉིན་རྔ་པ་རྫོང་མི་དམངས་ཁྲིམས་ཁང་གིས་ལོ་ ༤ བཙོན་འཇུག་ཁྲིམས་ཐག་བཅད་ཡོད་འདུག ཁོང་དང་མཉམ་དུ་བཟུང་པའི་ཤང་གཅིག་པ་ཡིན་པའི་མི་གསུམ་ལ་ལོ་ ༡ དང་ཟླ་ ༨ རེ་ཁྲིམས་ཐག་བཅད་པ་དང་ཁོང་མགོ་གཙོ་ཡིན་པའི་ངོས་འཛིན་འོག་ནས་དེ་ལྟར་ཁྲིམས་ཐག་ལྕི་མོ་བཅད་པ་ཡིན་འདུག
3༽ཕྱི་ཟླ་ ༡༡ ཚེས་ ༤ ཉིན་ཕྱི་ཟླ་ ༤ ནང་གཅའ་ཤང་ཐོག་ནས་འཛིན་བཟུང་བྱས་པའི་རྔ་པ་རྫོང་གཅའ་ཤང་གཅའ་རུ་བའི་མགོ་རྡོ་ཚང་གི་ལྷུན་གྲུབ་ལ་ལོ་ ༤ བཙོན་འཇུག་ཁྲིམས་ཐག་བཅད་འདུག
༤༽ཕྱི་ཟླ་ ༤ ནང་འཛིན་བཟུང་བྱས་པའི་ནགས་ཚང་མའི་ནང་རིན་ལ་གཅའ་ཤང་ཐོག་ནས་རྡུང་གཅོག་འཕྲོག་སྲེག་གི་ངོ་རྒོལ་ལས་འགུལ་སྤེལ་མཁན་གཏེ་བོ་ཡིན་པའི་ཉེས་འཛུགས་བྱས་ནས་ཕྱི་ཟླ་ ༡༡ ཚེས་ ༧ ཉིན་རྔ་པ་རྫོང་ཁྲིམས་ཁང་ནས་ལོ་ ༡༡ གི་ཁྲིམས་ཐག་བཅད་ཡོད་འདུག་ཁ་སྔོན་འདི་ནས་ཕྱི་ཚེས་ ༤ ཉིན་ཁོང་ལ་ལོ་ ༤ ཁྲིམས་ཐག་བཅད་སྐོར་བཀོད་པ་ནོར་བཅོས་ཡོང་བ་ཞུ། འདས་མ་ཐག་པའི་བདུན་ཕྲག་དེའི་ནང་རྔ་པ་རྫོང་མི་དམངས་ཁྲིམས་ཁང་ནས་ཉིན་བཞི་བསྟུད་མར་ཁྲིམས་ཐག་གཅོད་པའི་ཚོགས་འདུ་འཚོགས་ནས་མི་བརྒྱད་ལ་ཁྲིམས་ཐག་བཅད་ཡོད་པ་དང་། ད་དུང་བདུན་ཕྲག་འདིའི་གཟའ་ཟླ་བ་ནས་ཡང་བསྐྱར་ཉིན་གསུམ་བཞི་ཞིག་ལ་ཁྲིམས་ཐག་གཅད་རྒྱུའི་ཚོགས་འདུ་འཚོགས་གཏན་འཁེལ་ཡོད་འདུག་པ་དང་། གནས་ཚུལ་མཁོ་སྤྲོད་པས་བརྗོད་པ་ལྟར་ན་ལོ་ཚད་མང་པོ་ཅན་ཚོ་རྗེས་ལ་བཞག་ཡོད་ཚུལ་འདུག་པས། ད་དུང་མི་མང་པོ་ཞིག་ལ་མུན་ནག་གི་ཞྭ་མོ་བཟོ་བཞིན་ཡོད་ཚུལ་འདུག
༥༽ཕྱི་ཟླ་ ༡༠ པའི་ཟླ་མཇུག་དང་། ཕྱི་ཟླ་ ༡༡ པའི་ཟླ་འགོ་གང་རུང་ཞིག་ལ་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་ཁུལ། ཐུན་ཏེ་(འབའ་འམ་གད་པ་སུམ་མདོ་)རྫོང་གི་ཁོངས་གཏོགས་གཙང་དགོན་པའི་གྲྭ་པ། ཕ་ཡུལ་བོད་མདོ་སྨད་རེབ་གོང་སོག་རྫོང་ནས་ཡིན་པ་གྲྭ་མཁས་གྲུབ་རྒྱ་མཚོ་དང་། གྲྭ་ཚུལ་ཁྲིམས་རྒྱ་མཚོ་གཉིས་ལ་ལོ་ ༡༠ རེ་ཁྲིམས་ཐག་བཅད་ཡོད་པ་དང་། གྲྭ་མཆོག་སྤྲིན་རྒྱ་མཚོ་ལ་ལོ་ ༩ ཁྲིམས་ཐག་བཅད་འདུག་པས་ཁོང་རྣམས་ལ་རྒྱལ་ཁབ་ཁ་བྲལ་གཏོང་མཁན་དང་། གནས་ཚུལ་ཕྱི་ཕྱོགས་སུ་མཁོ་སྤྲོད་བྱས་ཚུལ་སོགས་ཀྱི་ཉེས་ཁག་དཀྲིས་ཡོད་འདུག
6༽ཕྱི་ཟླ་ ༡༡ ཚེས་ ༨ ཉིན་བོད་ནས་གནས་ཚུལ་ཁུངས་ལྡན་མཁོ་སྤྲོད་གནང་དོན་ལྟར་ན། ཉེ་ལམ་བོད་ཁྱོན་ཡོངས་ལ་དམ་དྲག་ཤུགས་ཆེ་རུ་ཕྱིན་ཡོད་པ་མ་ཟད། ཡང་སྒོས་ལྷ་ས་གྲོང་ཁྱེར་ནང་གི་བར་སྐོར་གཙོས་པའི་སྡེ་ཁུལ་ཚང་མར་དམ་དྲག་ཆེ་ཞིང་། མདོ་སྟོད་སྨད་ཁུལ་ནས་ཡོང་བའི་སློབ་གཉེར་བ་དང་།གནསསྐོར་བར་མངོན་གསལ་དོད་པོས་དམ་དྲག་བྱས་ནས་སྲང་ལམ་དང་། ཁྱིམ་ཚང་། དགོན་པ། གྲོང་ཁྱེར་ནང་ལ་སྔོག་བཤེར་ཤུགས་ཆེན་བྱས་ནས་ལག་འཁྱེར་མེད་རིགས་ཚང་མ་འཛིན་བཟུང་གིས་ས་གནས་ཉེན་རྟོག་ཁང་དུ་བཀག་ཉར་བྱེད་ཤུགས་སྔར་བས་ཆེ་རུ་ཕྱིན་ནས་གྲོང་མིར་སུན་བཙེར་གུ་དོག་གིས་ཉིན་མཚན་མི་འཁྱོལ་བའི་དཀའ་ངལ་ནང་ལྷུང་ཡོད་འདུག་པ་མ་ཟད། འདི་ཚེས་ ༤ ཉིན་ཁམས་རྫ་སེར་ཤུལ་རྫོང་ཀརྨ་ཤང་ནས་ཡིན་པའི་གནས་སྐོར་བ་མི་གྲངས་བཅུ་བཞི་ཙམ་ཞིག་བར་སྐོར་ཉེན་རྟོག་ལས་ཁུངས་ཀྱིས་ལྷ་ས་གཙུག་ལག་ཁང་གི་ཉེ་འགྲམ་ནས་འཇུ་བཟུང་གི་བར་སྐོར་བལྟ་སྲུང་ཁང་དུ་དོ་དམ་བཀག་ཉར་བྱེད་མུས་ཡིན་ཞིང་། ཁོ་ཚོའི་ནང་ནས་ལོ་ན་བགྲེས་ཤོས་དགུང་ལོ་ ༧༥ ལ་སླེབས་པ་དང་། མང་ཆེ་བ་གྲྭ་བཙུན་ཡིན་འདུག ལྷག་པར་ཉེ་ཆར་གྲོང་ཁྱེར་ནང་གྲྭ་བཙུན་ཕར་འགྲོ་ཚུར་འོང་མི་ཆོག་ཅིང་། གལ་ཏེ་འགྲོ་འོང་བྱས་ཚེ་ལམ་སེང་འཛིན་བཟུང་བྱེད་བཞིན་ཡོད་སྟབས་གྲོང་ཁྱེར་ནང་གྲྭ་བཙུན་མཐོང་དཀའ་བ་ཆགས་ཡོད་འདུག ད་དུང་ཕྱི་ཚེས་ ༦ མཚན་མོ་ལྷ་ས་གྲོང་ཁྱེར་ནང་སྨད་ཕྱོགས་ནས་ཕེབས་པའི་གནས་སྐོར་བ་དང་སློབ་གཉེར་བ་རླངས་འཁོར་གསུམ་འཇུ་བཟུང་གི་ལྷ་ས་གྲོང་ཁྱེར་གྱི་ནུབ་ཕྱོགས་སུ་བཙན་འཁྲིད་བྱས་ཡོད་ཅིང་། ད་ཆ་ཁོང་རྣམས་འཛིན་བཟུང་བཙོན་འཇུག་བྱས་ཡོད་མེད་དང་ཡང་ན་རང་རང་གི་ཕ་ཡུལ་ལ་ཕྱིར་སློག་བྱས་པ་གང་ཡིན་སུས་ཀྱང་ཤེས་རྟོགས་མེད་པས་དོན་དེར་ལྷ་སའི་གྲོང་མི་མང་པོས་སེམས་ཁྲལ་བྱེད་བཞིན་འདུག་པ་སོགས་ལྷ་སའི་ནང་མངོན་གསལ་དོད་པོས་དམ་དྲག་ཆེ་རུ་ཕྱིན་ཡོད་པ་རེད།
༧༽གཞན་ཡང་རྒྱ་གཞུང་གིས་དམ་དྲག་བྱས་རྐྱེན་ལ་བརྟེན་ནས་ལོ་རེ་བཞིན་ཚོགས་སྲོལ་ཡོད་པའི་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ། མདོ་ཁམས་རྫ་ཆུ་ཁའི་འཇང་དགུན་ཆོས་དང་། གངས་རྒྱན་སྨོན་ལམ་ཆེན་མོ་གཉིས་ད་ལོ་འཚོགས་ཐུབ་ཀྱི་ཡོད་མི་འདུག
༨༽ཕྱི་ཟླ་ ༡༠ པའི་ཟླ་མཇུག་ནས་བཟུང་དཀར་མཛེས་ཁུལ་དར་རྩེ་མདོ་འབྲིང་རིམ་མི་དམངས་ཁྲིམས་ཁང་ནས་བོད་མི་ཞི་རྒོལ་བ་རྣམས་ལ་ཉིན་རེ་བཞིན་ཁྲིམས་ཐག་གཅོད་བཞིན་ཡོད་ཁོངས་ཕྱི་ཟླ་ ༡༡ ཚེས་ ༡༠ ཉིན་གྱི་སྔ་དྲོ་དཀར་མཛེས་བྲག་དཀར་བཙུན་དགོན་གྱི་བཙུན་མ་ལྷ་མོ་ཆོས་མཚོ་རང་ལོ་ ༣༣ལ་དུས་བཀག་བཙོན་འཇུག་ལོ་ ༤ དང་། བསོད་ནམས་བདེ་སྐྱིད་རང་ལོ་ ༣༠ལ་ལོ་ ༣ བཅས་ཀྱི་ཁྲིམས་ཐག་བཅད་དེ་བོད་རང་བཙན་གྱི་ལས་འགུལ་སྤེལ་བ་དང་། རྒྱལ་ཁབ་ཁ་བྲལ་བཏང་བའི་ཉེས་མིང་བཙུགས་ཡོད་འདུག ཁྲིམས་གཅོད་སྐབས་ཁོང་གཉིས་ཀྱིས་ཇི་སྲིད་བོད་རང་བཙན་མ་ཐོབ་བར་བོད་ལ་ཡོད་པའི་བོད་མི་རྣམས་ཀྱིས་༸རྒྱལ་བ་རིན་པོ་ཆེ་མཇལ་རྒྱུའི་སྐལ་པ་མེད་པས་དེའི་ཕྱིར་བོད་རང་བཙན་རྩོད་ཀྱི་ཡོད་སྐོར་སོགས་ལ་འགྱུར་བ་རྩ་བ་ནས་མེད་ཚུལ་སོགས་འཇིགས་ཞུམ་མེད་པར་བཤད་ཡོད་འདུག
༩༽ཕྱི་ཟླ་ ༡༡ ཚེས་ ༧ ཉིན་དར་མདོ་ཁྲིམས་ཁང་ནས་དཀར་མཛེས་བྲག་དཀར་བཙུན་དགོན་གྱི་བཙུན་མ་ངོ་ཚ་ཚང་བསོད་ནམས་ལྷ་མོ་ལ་དུས་བཀག་བཙོན་འཇུག་ལོ་ ༣ དང་། གདོང་རྭ་གྲུ་ཁ་ནས་ཡིན་པའི་བཙུན་མ་ཚེ་བརྟན་སྒྲོལ་མ་ལ་ལོ་ ༤ བཅས་ཀྱི་ཁྲིམས་ཐག་བཅད་འདུག
༡༠༽ཕྱི་ཟླ་ ༡༡ ཚེས་ ༦ ཉིན་དར་མདོ་ཁྲིམས་ཁང་ནས་དཀར་མཛེས་གྲོང་ཁྱེར་ནས་ཡིན་པའི་བཙུན་མ་ཞིག་(མིང་ཤེས་རྟོགས་བྱུང་མེད་)དང་། དཀར་མཛེས་བན་དེ་སྒང་གྲོང་པ་ནས་ཡིན་པའི་བུ་མོ་པདྨ་ཆོས་མཚོ་གཉིས་ལ་ལོ་ ༤ རེའི་ཁྲིམས་ཐག་བཅད་ཡོད་འདུག་པ་མ་ཟད། ཕྱི་ཟླ་ ༡༡ ཚེས་ ༡༡ ཉིན་བཙུན་མ་གཉིས་དང་དེ་རྗེས་ཉིན་ཤས་རིང་ཁྲིམས་ཐག་མུ་མཐུད་གཅད་རྒྱུ་ཡིན་པ་བཅས་ཀྱི་གསལ་བསྒྲགས་ཀྱང་སྦྱར་འགྲེམས་བྱས་ཡོད་འདུག
གོང་གསལ་གནས་ཚུལ་རྣམས་ནི་འདིར་འབྲེལ་ཡོད་ཁག་ནས་མཁོ་སྤྲོད་གནང་བ་དང་། རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ནས་ཐོན་པ་ལས་དཔེ་མཚོན་ཙམ་ཟུར་འདོན་བྱས་པ་ཡིན་པས། ད་ལྟ་རྒྱ་ནག་གཞུང་གིས་བོད་ས་ཡོངས་སུ་ཧ་ཅང་དམ་དྲག་དང་འཇིགས་སྐུལ་བྱེད་བཞིན་ཡོད་པ་གསལ་པོ་རེད།
བོད་གཞུང་མང་ཛ་དྲག་ལས་འགུལ་ཚོགས་ཆུང་ནས།
ཕྱི་ལོ་ ༢༠༠༨ ཟླ་ ༡༡ ཚེས་ ༡༡ ལ།
ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་ལ་གཞིགས་ཏེ། ང་ཚོས་འཛམ་གླིང་མཉམ་སྦྲེལ་རྒྱལ་ཚོགས་དང་རྒྱལ་སྤྱིའི་ཚོགས་སྡེ་ཁག་ནས་རྒྱལ་སྤྱིའི་མི་སྤྱོད་ལས་འདས་པའི་མནར་གཅོད་འགོག་པའི་ཚོགས་པའི་ལམ་སྟོན་ལྟར་རྒྱ་གཞུང་ནས་ལག་བསྟར་འཕྲལ་མར་ཡོང་བ་དང་། གཤམ་གསལ་ཛ་དྲག་གི་རེ་འབོད་ཞུ་བཞིན་ཡོད།
- བོད་ཡོངས་སུ་རྒྱལ་སྤྱིའི་རང་དབང་ཅན་གྱི་ཞིབ་འཇུག་ཚོགས་པ་ཁག་འཕྲལ་དུ་གཏོང་དགོས་པ།
- རིས་སུ་མ་ཆད་པའི་གསར་འགོད་པ་རྣམས་བོད་ས་ཡོངས་སུ་གཏོང་དགོས་པ།
- བོད་ས་ཡོངས་སུ་དྲག་གནོན་གསོད་བརྡུང་གི་སྦྱོར་ངན་འཕྲལ་དུ་མཚམས་འཇོག་དགོས་པ།
- འཛིན་བཟུང་དང་བཙོན་འཇུག་བྱས་པའི་བཙོན་པ་ཡོངས་འཕྲལ་དུ་གློད་དགོས་པ།
- བོད་མིའི་ཐོག་དྲང་བདེན་མིན་པའི་ཁྲིམས་ཐག་གཅོད་བཞིན་པ་རྣམས་འཕྲལ་དུ་མཚམས་འཇོག་དགོས་པ།