༄༅། །ཕྱི་ལོ་ ༢༠༠༨ ཟླ་ ༣ ཚེས་ ༡༤ ཉིན་བོད་གཞུང་བཀའ་ཤག་གིས་ད་ལྟའི་བོད་ནང་གི་གནས་སྟངས་ལ་གཞིགས་པའི་ཛ་དྲག་གི་འབོད་སྐུལ་ཞིག་གནང་བའི་ནང་། འདི་ལོའི་ཕྱི་ཟླ་ ༣ ཚེས་ ༡༠ ནས་བོད་ཕྱི་ནང་གཉིས་སུ་ཡོད་པའི་བོད་མི་ཚོས་ས་ཕྱོགས་གང་ས་ནས་ཞི་བའི་ངོ་རྒོལ་གནང་སྟེ། ད་ལྟའི་བོད་ནང་གི་གནས་སྟངས་ལ་ཡི་རང་མེད་པའི་རྣམ་འགྲུར་གསལ་པོ་བསྟན་ཡོད་པ་རེད། དེ་ལྟ་བུའི་ཞི་བའི་ངོ་རྒོལ་ནི་ད་ལྟའི་རྒྱ་གཞུང་གིས་བོད་ཐོག་འཛིན་པའི་སྲིད་བྱུས་དེ་དག་ལ་འདོད་བློ་མ་ཁེངས་པའི་རྟགས་མཚན་རེད། ང་ཚོའི་ངོས་ནས་དོན་རྐྱེན་དེའི་ཐོག་སེམས་འཚབ་ཆེན་པོ་ཞེ་དྲགས་འདུག ང་ཚོས་སྙིང་ཐག་པ་ནས་འབོད་སྐུལ་ཞུ་རྒྱུར་རྒྱ་ནག་དབུས་གཞུང་དང་ས་གནས་གཞུང་གི་དཔོན་རིགས་རྣམས་ནས་དོན་རྐྱེན་དེ་ལ་ཛ་དྲག་ཏུ་གཟིགས་ཏེ་དྲག་གནོན་མ་བྱེད་རོགས། ད་དུང་མུ་མཐུད་ནས་ནན་སྐུལ་ཞུ་རྒྱུར་གྲོས་བསྡུར་གྱི་ལམ་ནས་རྒྱུན་གཏན་གྱི་བརྟན་ལྷིང་ཡོང་ཐབས་གནང་རོགས་ཞུ་རྒྱུ་དང་། བོད་མི་མང་གི་རེ་འདོད་ལ་བསམ་ཤེས་གནང་བའི་རེ་འདུན་ཞུ་རྒྱུ་ཡིན། ཞེས་འབོད་སྐུལ་གནང་ཡོད་པ་རེད།
གསར་གནས།
འབྲེལ་གནས།