༢༠༡༧ ཟླ་ ༧ ཚེས་ ༡༦ རེས་གཟའ་ཉི་མ།
༄༅། ། འདི་གའི་ཆེད་གཉེར་གསར་འགོད་པ་ཡེ་ཤེས་ཀུན་གྲགས་ལགས་ཀྱིས་ས་གནས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༧ ཟླ་ ༧ ཚེས་ ༡༦ ཉིན་གྱི་སྔ་དྲོར་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཟངས་དཀར་དུ་༧ཞབས་སོར་བདེ་བར་འཁོད་ཡོད།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༧།༤༥ ཙམ་ལ་མགོན་པོ་གང་ཉིད་མཆོག་ལ་དྭགས་རྒྱལ་ས་སླེ་ནས་ཐད་འཕུར་གནམ་གྲུ་བརྒྱུད་ཟངས་དཀར་༼པ་ལྡུམ།༽ ས་གནས་སུ་༧ཞབས་སོར་བདེ་བར་འཁོད་སྐབས་ས་གནས་རྫོང་དཔོན་དང་། ཉེན་རྟོག་འགོ་དཔོན། ཟངས་དཀར་ནང་ཚོགས་ཀྱི་ཚོགས་གཙོ། ཟངས་དཀར་དགོན་པ་ཚོགས་པ། ཀར་གྷིལ་ཁོངས་ཀྱི་ལ་དྭགས་རང་སྐྱོང་རི་ལྗོངས་ཡར་རྒྱས་ལྷན་ཚོགས་ཀྱི་དེད་དཔོན། ཟངས་དཀར་འཕྲོད་བསྟེན་སྨན་ཁང་དང་། གསོ་རིག་ཉམས་ཞིབ་ཁང་གི་འགན་འཛིན་བླ་མ་ཆོས་འཕེལ་བཟོད་པ་ལགས། དགེ་བཤེས་བློ་བཟང་བསམ་གཏན་ལགས་དང་དགེ་བཤེས་བློ་བཟང་ཡོན་ཏན་ལགས་སོགས་ཀྱིས་ཕེབས་བསུ་གཟབ་རྒྱས་ཞུས།
དེ་ནས་ཆིབས་འགྲོ་བརྒྱུད་ཆིབས་སྒྱུར་གནང་སྐབས་ཕེབས་ལམ་གཡས་གཡོན་དུ་ས་གནས་ཡུལ་མི་དང་སློབ་ཕྲུག་སོགས་ནས་ལག་ཏུ་དཀར་གཙང་མཇལ་དར་དང་མེ་ཏོག་སོགས་མཆོད་པའི་ཡོ་བྱད་སྣ་ཚོགས་ཐོགས་ཏེ་དགའ་དད་སྤྲོ་གསུམ་ཐོག་ཕེབས་བསུ་གཟབ་རྒྱས་ཞུས་ཡོད།
དགའ་ལྡན་ཕོ་བྲང་ཡིག་ཚང་གི་མཐུན་འགྱུར་རོགས་རམ་འོག་གསར་བཞེངས་ལེགས་བསྒྲུབས་བྱུང་བའི་ཟངས་དཀར་འཕྲོད་བསྟེན་སྨན་ཁང་དང་། གསོ་རིག་ཉམས་ཞིབ་ཁང་དབུ་འབྱེད་མཛད་ཡོད།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༨།༠༥ ཙམ་ལ་མགོན་པོ་གང་ཉིད་མཆོག་གིས་སྨན་ཁང་གི་རྒྱལ་སྒོའི་དར་ཚོན་སྣ་ལྔ་གཅོད་འབྲེག་དང་རབ་གནས་མཛད་རྗེས་ཟངས་དཀར་འཕྲོད་བསྟེན་སྨན་ཁང་དང་། གསོ་རིག་ཉམས་ཞིབ་ཁང་གི་འགན་འཛིན་བླ་མ་ཆོས་འཕེལ་བཟོད་པ་ལགས་ཀྱིས་ཟངས་དཀར་གྱི་ལོ་རྒྱུས་དང་ད་ལྟའི་གནས་སྟངས། ༧གོང་ས་མཆོག་གིས་ཟངས་དཀར་ལ་གཟིགས་སྐྱོང་སོགས་ཀྱི་སྐོར་གསུང་བཤད་གནང་།
དེ་ནས་༧གོང་ས་མཆོག་གིས་བཀའ་སློབ་སྩལ་དོན། དེ་རིང་འདིར་འདུས་པའི་ཟངས་དཀར་གྱི་སེར་སྐྱ་མི་མང་དང་། དེ་བཞིན་གཙོ་བོ་སྨན་ཁང་དང་འབྲེལ་བའི་ཕྱག་ལས་གནང་མཁན་དང་དང་བླངས་པ་བཅས་ལ་ཞུ་རྒྱུར། ཟངས་དཀར་ནི་མཐུན་རྐྱེན་སྐྱོ་བོ་རེད། ས་ཆ་ཡིན་ནའང་ས་ཁུག་ལྟ་བུ་ཆགས་ཡོད་སྟབས། འདིར་འཕྲོད་བསྟེན་སྨན་ཁང་ཞིག་བྱུང་ན་བསམས་པའི་རེ་འདུན་བྱས་པ་ནང་ལྟར་དེ་རིང་སྨན་ཁང་སྒོ་འབྱེད་དང་། སྨན་ཁང་ནང་ཕྱི་ལུགས་སྨན་པ་དང་། དེ་བཞིན་བོད་ལུགས་སྨན་བཅོས་བྱེད་རྒྱུ་འགོ་འཛུགས་བྱུང་བར་དཀའ་ལས་རྒྱག་མཁན་ཡོངས་ལ་ཐུགས་རྗེ་ཆེ་ཟེར་གྱི་ཡིན། དངོས་གནས་བྱས་རྗེས་ཡག་པོ་ཐོན་འདུག་རྗེས་སུ་ཡི་རངས་ཡོད།
ཟངས་དཀར་མི་མང་ལ་ཆ་བཞག་ན། འཛམ་གླིང་འདིའི་སྟེང་གི་མི་དུང་ཕྱུར་བདུན་ཅུ་ནང་གི་ཆ་ཤས་ཤིག་ཆགས་ཡོད། འཛམ་གླིང་ཡུལ་གྲུ་གང་དུ་ཡིན་ནའང་ཡར་རྒྱས་ཧ་ཅང་འགྲོ་བཞིན་ཡོད། གཙོ་བོ་སློབ་སྦྱོང་ལ་བརྟེན་ནས་ཡར་རྒྱས་ཤུགས་ཆེན་པོ་འགྲོ་བཞིན་ཡོད། ཧི་མཱ་ལ་ཡི་རི་རྒྱུད་ཀྱི་ས་ཁུལ་ཁག་ཡིན་ནའང་ཡར་རྒྱས་འགྲོ་བཞིན་ཡོད། གལ་ཆེ་ཤོས་ནི་དེ་སྔ་རྒྱ་གར་ནས་བོད་ལ་རིག་གནས་དར་བའི་སྐབས་རིག་གནས་ཆེ་བ་ལྔ་དང་ཆུང་བ་ལྔ་ཞེས་རིག་གནས་ཆེ་བ་ལྔའི་ནང་ནས་གཙོ་བོ་གསོ་བ་རིག་པ་དང་། ནང་དོན་རིག་པ་རེད་འདུག དེ་དག་འགྲེལ་བཤད་རྒྱག་རྒྱུའི་སྐད་ཡིག་ལ་སྒྲ་རིག་པ་དང་། གཙོ་བོ་ནང་དོན་རིག་པའི་རྣམ་གཞག་གཏན་ལ་ཕབ་སྟབས་ཚད་མ་རིག་པ་དང་། དེ་བཞིན་བཟོ་རིག་པ་བཅས་རིག་གནས་ཆེ་བ་ལྔ་དེ་དག་གནའ་རབས་ནས་བཤད་པའི་སྐད་ཆ་མིན་པར། ད་ལྟའི་འཛམ་གླིང་འདིའི་སྟེང་འབྲེལ་བ་ཡོད་པ་ཞིག་རེད་འདུག།
དེ་རིང་འདིར་སེར་མོ་བ་ཡོད་པ་དེ་དག་ནང་དོན་རིག་པ་དང་ཚད་མ་རིག་པ་སློབ་སྦྱོང་བྱས་ནས་མི་རབས་ནས་མི་རབས་རྒྱུན་འཛིན་ཐུབ་པའི་ལས་འགན་ཁྱེད་རང་ཚོས་འཁྱེར་གྱི་ཡོད། བོད་ཀྱི་གསོ་བ་རིག་པ་ནི་གནའ་རབས་ནས་ང་རང་ཚོས་སྒྲིག་འཛུགས་མེད་པའི་ཐོག་ནས་ཉམས་པ་སོར་ཆུད་དང་མི་ཉམས་གོང་འཕེལ་བྱེད་རྒྱུར་སྒྲིག་འཛུགས་ལྡན་པའི་ཐོག་ནས་ཤུགས་ཆེན་པོ་ཡོང་གི་མེད།
ད་ལྟ་འདིར་སྨན་ཁང་ཞིག་བཙུགས་ཏེ་འཕྲལ་དུ་ནད་པ་ཚོར་རོགས་བྱེད་རྒྱུ་དང་། དེ་ནས་རིམ་བཞིན་ནད་པར་སྨན་བཅོས་རོགས་རམ་བྱེད་པ་དང་ཆབ་ཅིག་གསོ་བ་རིག་པའི་སློབ་སྦྱོང་བྱེད་རྒྱུ་དེ་འདྲ་ཆེ་ཆུང་ལ་མ་ལྟོས་པར་དེ་འདྲ་ཞིག་བཟོ་ཐུབ་ན་ཡག་པོ་ཡོད། ནང་དོན་རིག་པ་སྦྱོང་མཁན་གྱི་དགེ་འདུན་པ་ཚོ་གོང་དུ་བརྗོད་པ་ནང་ལྟར་རེད། ནང་དོན་རིག་པའི་རྣམ་དཔྱོད་འདོན་ས་གཙོ་བོ་ནི་ཚད་མ་རིག་པ་ཆགས་ཡོད། ཇི་ཙམ་ཚད་མ་རིག་པའི་གཞུང་ལ་འདྲིས་ཆ་ཡོད་པ་དེ་ཚོད་ཀྱིས་ནང་དོན་རིག་པ་བཤད་ཡོང་དུས་བསམ་བློ་གཏང་རྒྱུ་ཡོད་པ་ཞིག་དང་། ཚད་མ་རིག་པར་དོ་སྣང་གང་ཡང་མེད་ན། ནང་དོན་རིག་པ་བཤད་ཡོང་དུས་སྐྱབས་སུ་མཆི་ཟེར་རྒྱུ་བཟོ་འདྲ་བོ་བྱེད་ནས་སྡོད་བཞིན་འདུག རྩ་བའི་སང་གནངས་སྐད་ཆ་ཡོང་གི་རེད། འདིར་གསོ་བ་རིག་པའི་སྨན་ཁང་བཙུགས་པ་འདི་རིམ་པས་གོང་ནས་གོང་དུ་འཕེལ་ནས་ཡར་རྒྱས་རྒྱ་གང་ཆེ་ཡོང་ཐུབ་པའི་རེ་བ་ཡོད་ལ་སྨོན་ལམ་ཡང་རྒྱག་རྒྱུ་ཡིན།
སྤྱིར་འཛམ་གླིང་འདིའི་སྟེང་ཆོས་ལུགས་མི་འདྲ་བ་གཙོ་ཆེ་བ་དེ་འདྲའི་རང་སོ་སོའི་ལྟ་གྲུབ་ཡོད་པ་ཆོས་ལུགས་གཙོ་ཆེ་བ་གང་ཙམ་ཡོད། དཔེར་ན་འཇིའུ་དང་། ཡེ་ཤུ། ཁ་ཆེ། གཅེར་བུ་བ། ནང་པ་སོགས་ཆོས་ལུགས་གཙོ་ཆེ་བ་འཛམ་གླིང་འདིའི་སྟེང་གང་ཙམ་ཡོད། བྱེ་བྲག་ཏུ་རྒྱ་གར་འཕགས་པའི་ཡུལ་དུ་ཧ་ལམ་འཛམ་གླིང་གི་ཆོས་ལུགས་གཙོ་ཆེ་བ་ཚང་མ་ཡོད་པ་ཞིག་རེད་འདུག རྒྱ་གར་རང་ཉིད་ནས་འཚར་ལོང་བྱུང་བའི་གྲངས་ཅན་པ་དང་གཅེར་བུ་བ། ནང་པ་ལ་སོགས་པ་མང་པོ་ཞིག་ཡོད། དེ་བཞིན་འཇིའུ་དང་། ཡེ་ཤུ། ཁ་ཆེ་སོགས་ཆོས་ལུགས་དེ་དག་ཕྱི་ནས་རྒྱ་གར་ནང་ཚུར་སླེབས་པ་རེད།
དཔེར་ན་འདས་པའི་ལོ་ཧ་ལམ་ ༦༠ ནང་རྒྱ་གར་གྱི་ཆོས་ལུགས་ཚང་མ་རུབ་རུབ་བྱས་ནས་ཡོད་པ་དཔེ་མཚོན་འཇོག་ས་ལྟ་བུ་ཕལ་ཆེར་ཆགས་འདུག
ལྷག་པར་དེ་སྐབས་ཀྱི་དུས་ཚོད་ལ་བློ་ཕམ་པ་ཞིག་ལ་ཆོས་བརྒྱུད་མི་འདྲ་བའི་རྒྱུ་མཚན་ལ་བརྟེན་ནས་མི་མཐུན་པ་དེ་འདྲ་ཕྲན་བུ་ཡོང་བཞིན་འདུག དེ་འདྲའི་གནས་ཚུལ་ཆགས་ཡོང་དུས་རྒྱ་གར་ནང་རིས་མེད་ཆོས་བརྒྱུད་ཐུགས་མཐུན་ཁྲིམས་གཙང་ཡོད་པ་དེ་འཛམ་གླིང་གི་མིག་དཔེ་ལྟ་ས་ཤིག་ཡིན་པ་མ་ཟད། ཧ་ཅང་གལ་ཆེན་པོ་རེད།
ལ་དྭགས་སླེ་དང་། ལྡུམ་ར་ཁུལ་དུ་ཁ་ཆེ་དང་ནང་པ་ཚོ་ཕན་ཚུན་ཧ་ཅང་སེམས་ཐག་ཉེ་བོ་ཡོད་པ་ཧ་ཅང་ཡག་པོ་འདུག འདིར་ཟངས་དཀར་དུ་ཡིན་ནའང་པ་ལྡུམ་དུ་ཁ་ཆེའི་སྡེ་ཚན་ཞིག་ཡོད། ང་ཚོ་ཚང་མས་འཛམ་གླིང་སྤྱི་དང་། ཡང་སྒོས་རྒྱ་གར་གྱི་ཆོས་ལུགས་མཐུན་སྒྲིལ་ལ་བསམ་བློ་བཏང་ནས་ང་ཚོ་ཚང་མ་མཐུན་པོ་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་རེད། སང་གནངས་སྐད་ཆ་ཡོང་གི་རེད། དེ་རིང་ཉིན་མ་ཧ་ཅང་ཚ་བོ་འདུག དེ་ཙམ་ཡིན། ཐུགས་རྗེ་ཆེ། ཞེས་བཀའ་སློབ་སྩལ།།