ལས་བྱེད་འདེམས་ལྷན།

ལས་བྱེ་འདེམས་བསྐོ་ལྷན་ཁང་གི་ངོ་སྤྲོད།

༅༅། །ཕྱི་ལོ་ ༡༩༤༩ ལོར་བོད་ཤར་ཕྱོགས་མདོ་སྟོད་སྨད་གཉིས་ཀྱི་ས་ཁུལ་ཁག་ཏུ་རྒྱ་དམག་ནས་བཙན་འཛུལ་བྱས་ཏེ་མཐར་ཕྱི་ལོ་ ༡༩༥༩ ལོར་དྲག་གནོན་མི་ཟད་པའི་འོག་བོད་མིའི་ཆོས་སྲིད་གཉིས་ཀྱི་དབུ་འཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་། ཁོང་གི་ཕེབས་རྗེས་སུ་བོད་མི་བརྒྱད་ཁྲི་ཙམ་རྒྱ་གར་འཕགས་ཡུལ་སོགས་སུ་བཙན་བྱོལ་དུ་ཕེབས་དགོས་བྱུང་ཡོད། བཙན་བྱོལ་དུ་ཕེབས་མ་ཐག་ཐོག་མར་ཕྱི་ལོ་ ༡༩༥༩ ཟླ་ ༤ ཚེས་ ༢༩ ཉིན་རྒྱ་གར་བྱང་ཕྱོགས་ས་ཁུལ་མ་སུ་རིར་བཙན་བྱོལ་གཞུང་བསྐྱར་གསོ་གནང་ཡོད་ཅིང་། ཕྱི་ལོ་ ༡༩༦༠ ཟླ་ ༤ ནང་བཙན་བྱོལ་གཞུང་གི་ལྟེ་གནས་མ་སུ་རི་ནས་རྡ་རམ་ས་ལར་སྤོ་བཞུད་གནང་རྗེས་བཙན་བྱོལ་གཞུང་གི་ལས་ཁུངས་འདྲ་མིན་བཀོད་སྒྲིག་རིམ་པར་གནང་ཡོད་པ་ནས་གཞུང་ཞབས་གསར་འདེམས་བཀོད་སྒྲིག་གནང་ཕྱོགས་སོགས་ཐད། ཐོག་མར་ཕྱི་ལོ་ ༡༩༧༢ བར་བདེ་སྲུང་དང་། ནང་སྲིད་ལས་ཁུངས་གཅིག་ལྕོགས་ནས་འགན་བཞེས་གནང་བ་དང་། དེ་རྗེས་བཙན་བྱོལ་གཞུང་གི་མཛད་རྒྱ་ཇི་ཆེར་འགྲོ་བཞིན་པའི་གནས་སྟངས་ལ་གཞིགས་ཏེ་འཛིན་སྐྱོང་སྤྱི་ཁྱབ་བཀའ་ཤག་གི་ཐད་ཀའི་བཀོད་བྱུས་འོག་ལས་བྱེད་བདག་གཉེར་ཁང་གསར་འཛུགས་དང་འབྲེལ་ལས་བྱེད་བཀོད་སྒྲིག་སོགས་དང་འབྲེལ་བའི་ལས་འགན་ཆ་ཚང་འགན་དཀྲི་ལས་བྱེད་བདག་གཉེར་ལ་གནང་ཡོད།

ཕྱི་ལོ་ ༡༩༦༣ ཟླ་ ༣ ཚེས་ ༡༠ ཉིན་མ་འོངས་བོད་ཀྱི་རྩ་ཁྲིམས་གསལ་བསྒྲགས་བསྐྱངས་པ་ནས་བཟུང་སྤྱི་འཐུས་སྐབས་བཅུ་པ་བར་གྲངས་འབོར་རྒྱས་བསྡུས་དང་། རྩ་ཁྲིམས་རིན་པོ་ཆེའི་དགོངས་པ་གཞི་རྩར་བཟུང་སྟེ་མི་མང་ལ་གདམ་བྱ་འདེམས་བྱེད་ཀྱི་ཁེ་དབང་གསོལ་རྩལ་གནང་བའི་བཀྲིན་གཞལ་དཀའ་ན་ཡང་། དུས་རབས་ཀྱི་རྒྱང་མཆོངས་དང་། ཤེས་ཡོན་དམན་ཞིང་། མང་ཚོགས་རང་ཉིད་ཀྱིས་ནུས་འདོན་ལས་མ་གྲུབ་པར་དབུ་འཁྲིད་བཟང་པོས་མི་མང་ལ་མང་གཙོའི་ཁེ་དབང་གསོལ་སཙལ་གནང་བའི་མྱོང་ཚོར་ལས་ལྟ་གྲུབ་ཇི་བཞིན་གྱི་ལེགས་བྱད་མ་སྨིན་པའི་དཀའ་གནད་ལས་ཁྱད་པར་འཕགས་པའི་རྣམ་དབྱེ་བཅད་ཐུབ་མིན་ལ་མ་ལྟོས་པར་སྐབས་བཅུ་གཅིག་པའི་སྤྱི་འཐུས་གྲངས་འབོར་སྤར་ཆ་དང་སྦྲགས་བཅའ་ཁྲིམས་གཏན་ལ་ཕབ་དོན་བཞིན་མང་གཙོའི་རྣམ་པ་ཆེ་ཆེར་དར་བའི་སྲོལ་ལུགས་དར་རྒཡས་ཆེན་པོ་ཆགས་པའི་ནང་གསེས་རང་དབང་ཅན་གྱི་སྡེ་ཚན་ཁོངས་གཞུང་ཞབས་འདེམས་བསྐོ་ལྷན་ཁང་ཞེས་གཏན་འཇགས་ཀྱི་ལས་ཁང་ཟུར་འཛུགས་དང་། གཞུང་ཞབས་འདེམས་བསྐོ་སོགས་དང་འབྲེལ་ཆགས་ལས་རིམ་སྒྲིག་གཞི་དང་བཅས་བཀོད་སྒྲིག་གཏན་འབེབས་གནང་ཡོད།

བཅའ་ཁྲིམས་ནང་གསལ་འདེམས་བསྐོ་ལྷན་ཁང་ལ་ཚོགས་གཙོ་གཅིག་དང་། ཚོགས་མི་གཉིས་ནས་བཞིའི་བར་དགོས་པ་དམིགས་འཛུགས་ཚོགས་ཆུང་ནས་འོས་འཆར་ཕུལ་བར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱལ་ཁབ་ཀྱི་དབུ་ཁྲིད་མཚན་ཐོག་ནས་བསྐོ་གཞག་སྩལ་གནང་མཛད་པ་དེ་ལྟར་ཡང་། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ཆབ་སྲིད་དང་། འཛིན་སྐྱོང་སྐུ་དབང་མི་མང་ནས་ཐད་ཀར་འོས་འདེམས་བྱས་པའི་བོད་མིའི་ཆབ་སྲིད་ཀྱི་འགོ་འཁྲིད་རྣམ་པར་རྩིས་སྤྲོད་གནང་སྟེ་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ལ་བསྐྱར་བཅོས་གཏན་འབེབས་གནང་རྗེས་ཆེས་མཐོའི་ཁྲིམས་ཞིབ་པ་ཆེ་བ་དང་། སྤྱི་འཐུས་ཚོགས་གཙོ་ཚོགས་གཞོན། བཀའ་བློན་ཁྲི་པ་བཅས་ནས་སྐབས་སོ་སོའི་འོས་མི་འདེམས་སྒྲུག་ཁོ་ནའི་ཆེད་མི་འགྲོ་གསུམ་དམིགས་འཛུགས་གནང་བའི་ཚོགས་ཆུང་དེས་ཉིས་ལྡབ་ལས་མ་ཉུང་བའི་འོས་འཆར་སྤྱི་འཐུས་ལྷན་ཚོགས་སུ་ཕུལ་བ་ལྷན་ཚོགས་ཚོགས་དུས་མ་ཡིན་སྐབས་སྤྱི་འཐུས་རྒྱུན་ལས་སུ་འོས་བསྡུ་བྱས་ཏེ་མང་མོས་སུ་ཐོན་ལ་འདེམས་བསྐོ་ལྷན་ཁང་གི་ཚོགས་གཙོ་དང་། ཚོགས་མིར་འོས་ཐོན་བྱུང་བར་ངོས་འཛིན་བྱ་རྒྱུ། འཕོ་འགྱུར་གཏོང་དགོས་བྱུང་ན་ལས་དེ་མིན་ཚོགས་གཙོ་དང་། ཚོགས་མི་རྣམ་པའི་ལས་ཁུར་ཡུན་ཚད་དམ་བཅའ་ཕུལ་ཉིན་ནས་ལོ་ལྔ་ཡིན།

ལས་བྱེད་འདེམས་བསྐོ་ལྷན་ཁང་གི་ལས་དོན་ཐོག་དགོས་གལ་ནམ་བྱུང་ཚོགས་འཛོམས་དགོས་རྒྱུའི་ཐོག་རྣམ་ཀུན་ཟླ་རེའི་ནང་ལྷན་འཛོམས་ཐེངས་རེ་ངེས་པར་གནང་དགོས་ཡོད། ལྷན་ཚོགས་ནམ་ཡིན་ལ་ཚོགས་མི་རྩ་འབོར་གྱི་སུམ་ཆ་གཉིས་ལས་མ་ཉུང་བ་ཚང་འཛོམས་ངེས་པར་དགོས་པ་དང་། འདེམས་བསྐོ་ལྷན་ཁང་གི་ལས་ཁུངས་འགན་འཛིན་དྲུང་ཆེས་ལྷན་ཚོགས་སུ་ལས་དོན་འགྲེལ་བཤད་དང་། བསམ་ཚུལ་འདོན་ཆོག་ཀྱང་། ཐག་གཅོད་དང་འོས་བསྡུ་བྱེད་པའི་ཐོབ་ཐང་མེད། འདེམས་བསྐོ་ལྷན་ཚོགས་ནས་ཐག་གཅོད་ཟིན་པའི་ལས་དོན་རྣམས་ཚོགས་གཙོའི་གཟིགས་སྐྱོང་འོག་ལས་ཁུངས་ནས་འཕྲལ་ལག་ལེན་བསྟར་དགོས།

འདེམས་བསྐོ་ལྷན་ཁང་ལ་རྒྱུན་ལྡན་ལས་ཁུངས་ཤིག་དགོས་པ་དེའི་འཛིན་སྐྱོང་ཆེད་ཚོགས་གཙོའི་འོག་འགན་འཛིན་དྲུང་ཆེ་ཞིག་དང་། ལས་བྱེད་ཇི་དགོས་ཀྱི་ས་དམིགས་དང་བསྐོ་གཞག་བཅས་ལས་བྱེད་སྤྱིའི་སྒྲིག་གཞི་ལྟར་བྱེད་རྒྱུ། བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་ཡོངས་རྫོགས་འགན་འཛིན་དང་། ལས་བྱའི་སྡེ་ཚན་དུ་དབྱེ་སྟེ་ལས་བྱེད་རྣམས་འདེམས་སྒྲུག་དང་། བསྐོ་གཞག གནས་སྤར། ལས་དོན་སྦྱོང་བརྡར། སྒྲིག་གཞི་གཏན་འབེབས་བཅས་ཀྱི་ལས་དོན་བྱ་རྒྱུའི་འགན་དབང་ཆ་ཚང་འདེམས་ལྷན་ལ་ཡོད་པ་མ་ཟད། ལས་བྱེད་བླང་དོར་དང་ཐོབ་ཐང་གི་སྒྲིག་གཞི་གསར་བཟོ་བསྐྱར་བཅོས་སོགས་བཀའ་ཤག་དང་བཀའ་སྡུར། ཡང་ན་བཀའ་ཤག་ནས་འཆར་འབུལ་གནང་སོན་བྱུང་ཁག་ལ་ཞིབ་འཇུག་གཏན་འབེབས་བྱེད་རྒྱུའི་འགན་དབང་ཡོད། དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་རྣམས་ཀྱི་གནས་རིམ་ཕབ་པ་དང་། གནས་དབྱུང་། རྩ་དགོངས་ཞུ་འཁྲོལ། རྒས་ཡོལ་སྔ་བསྣུར་དང་དུས་འགྱངས། རྒས་ཡོལ་བསྐྱར་བསྐོ་བཅས་ཀྱི་སྐོར་བཀའ་ཤག་ནས་འཆར་འབུལ་བྱུང་རིགས་ལ་འོས་མིན་རྟོགས་ཞིབ་ཀྱིས་འོས་འཚམ་ལ་མོས་མཐུན་ལག་བསྟར་བྱ་རྒྱུ།

བཙན་བྱོལ་བོད་མིའི་སྒྲིག་འཛུགས་ལས་བྱེད་ཡོངས་རྫོགས་གཤམ་གསལ་སྡེ་ཚན་གཉིས་སུ་དབྱེ་ཡོད།

ཀ༽ འགན་འཛིན་སྡེ་ཚན།

༡། དྲུང་ཡིག་ཆེན་མོ།
༢། དྲུང་ཆེ་ལས་འཕར།
༣། ཟུང་འབྲེལ་དྲུང་ཆེ།
༤། དྲུང་ཆེ་གཞོན་པ།
༥། དྲུང་གཞོན་ལས་རོགས།

ཁ༽ ལས་བྱའི་སྡེ་ཚན།

༡། སྡེ་ཚན་འགན་འཛིན།
༢། ལས་ཁུངས་དོ་དམ་པ།
༣། ལས་དྲུང་།
༤། རྒན་དྲུང་།
༥། གཞོན་དྲུང་།
༦། ལས་བྱ།

ལས་བྱེད་འདེམས་བསྐོ་བྱ་ལམ། འགན་འཛིན་སྡེ་ཚན་གྱི་ལས་བྱེད་ཁོངས་དྲུང་གཞོན་ལས་རོགས་ཀྱི་གནས་རིམ་དུ་ས་མིག་རྩ་འབོར་གྱི་བརྒྱ་ཆ་ལྔ་བཅུ་ལས་མ་བརྒལ་བ་ཞིག་འོས་ཆོས་ཚང་བའི་གནས་རིམ་འོག་མ་ནས་གནས་སྤར་དང་། བརྒྱ་ཆ་ལྔ་བཅུ་ལས་མ་ཉུང་བ་ཞིག་ཐད་ཀར་འདེམས་བསྐོ་བྱ་རྒྱུ། དྲུང་ཆེ་གཞོན་པ་དང་། ཟུང་འབྲེལ་དྲུང་ཆེའི་གནས་རིམ་དུ་ས་མིག་རྩ་འབོར་གྱི་བརྒྱ་ཆ་སུམ་ཅུ་ལས་མ་བརྒལ་བ་ཞིག་ཐད་ཀར་འདེམས་བསྐོ་དང་། ཞབས་ཡར། ཆོད་གན་བཅས་ཐོག་བསྐོ་འཐུས། བརྒྱ་ཆ་བདུན་ཅུ་ལས་མི་ཉུང་བ་གནས་སྤར་གྱིས་བསྐོ་རྒྱུ། དྲུང་ཆེ་ལས་འཕར་དང་། དྲུང་ཆེའི་གནས་རིམ་དུ་ས་མིག་རྩ་འབོར་གྱི་བརྒྱ་ཆ་ལྔ་ལས་མི་བརྒལ་བ་ཞིག་ཞབས་གཡར་ཐོག་བསྐོ་འཐུས་ཀྱང་བརྒྱ་ཆ་གོ་ལྔ་ལས་མ་ཉུང་བ་གནས་སྤར་གྱིས་བསྐོ་རྒྱུ་ལས་ཐད་ཀར་འདེམས་བསྐོ་མི་ཆོག ལས་བྱའི་སྡེ་ཚན་གྱི་ལས་བྱེད་ཁོངས་གཞོན་དྲུང་དང་ལས་བྱའི་གནས་རིམ་དུ་ཐད་ཀར་འདེམས་བསྐོ་ཁོ་ན་དང་། དེ་ཡན་གནས་རིམ་གཞན་བཞིར་ས་མིག་རྩ་འབོར་གྱི་བརྒྱ་ཆ་ཉེར་ལྔ་ལས་མ་བརྒལ་བ་རེ་ཐད་ཀར་གསར་འདེམས་དང་། ཞབས་གཡར། ཆོད་གན་བཅས་ཀྱིས་བསྐོ་གཞག་ཆོག་རྒྱུ། བརྒྱ་ཆ་དོན་ལྔ་ལས་མ་ཉུང་བ་གནས་སྤར་གྱིས་བསྐོ་གཞག་བྱ་རྒྱུ་བཅས་སོ།   ཕྱི་ལོ་  ༢༠༡༢  ཟླ་  ༡༡  ཚེས་  ༡  ལ།



༄༅།། ལས་བྱེད་གསར་འདེམས་ཀྱི་བོད་ཡིག་ཤེས་ཚད་ཡིག་རྒྱུགས་ཀྱི་དྲི་ཤོག་སྒྲོམ་གཞི་དཔེ་མཚོན།
འབྲི་རྒྱུགས

དུས་ཡུན་ཚོུད་ ༣ བརྒྱ་ཆ་ ༨༠ ལེའུ་དང་པོ་རྩོམ་བྲིས།

  • ༡ བོད་མིའི་རང་དབང་སྒེར་ལངས་དུས་དྲན་ཐེངས་ ༥༢ པ་གཞུང་འབྲེལ་སྲུང་བརྩིའི་མཛད་སྒོ་ཐོག་གཞིས་བྱེས་བོད་མིའི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས་བོད་ཀྱི་རྒྱལ་རབས་ལོ་རྒྱུས་ནང་ཆེས་འགྱུར་བ་འགྲོ་བའི་གསུང་འཕྲིན་བསྩལ་སྨིན་བྱུང་བ་དེས་འཛམ་གླིང་ནང་གི་ཡོངས་གྲགས་མང་གཙོའི་ལམ་སྲོལ་དང་མཐུན་པ་ཇི་བྱུང་། འཕྲལ་ཕུགས་རྒྱང་གསུམ་ཐོག་བོད་མིའི་ཆབ་སྲིད་ཀྱི་མདུན་ལམ་ཐོག་དགེ་མཚན་ཇི་བྱུང་བཅས་ཀྱི་ཐོག་རྩོམ་ཡིག་འབྲུ་ ༣༥༠ བྲིས།
  • ༢ ཕྱི་ལོ་ ༢༠༠༢ ནང་བོད་རྒྱ་འབྲེལ་མོལ་སླར་གསོ་གནང་ཐུབ་པ་ནས་ད་བར་བོད་མིའི་རྩ་དོན་དམིགས་ཡུལ་སྒྲུབ་ཐབས་སུ་༸གོང་ས་མཆོག་གི་དམིགས་བསལ་སྐུ་ཚབ་རྣམ་པ་དང་། རྒྱ་གཞུང་གི་འཐུས་ཚབ་དབར་གྲོས་མོལ་ཐེངས་ཇི་ཙམ་གནང་དང་། གྲོས་མོལ་གནང་སྐབས་སྐུ་ཚབ་རྣམ་པས་བོད་མིའི་དགོས་འདུན་སྒྲུབ་ཐབས་སུ་དོན་གནད་གཙོ་བོ་ག་རེ་གསུངས་ཡོད། སྐུ་ཚབ་རྣམ་པས་གུ་གཤང་དྲང་བདེན་གྱི་བསམ་ཚུལ་སྟོན་པར་རྒྱ་གཞུང་ནས་དྲང་བདེན་ལན་གསལ་སྤྲད་ཡོད་མེད་ཐོག་རྩོམ་བྲིས་ཡིག་འབྲུ་ ༣༠༠ ལས་མ་ཉུང་བ་ཞིག་བྲིས།
  • ༣ རྒྱ་ནག་གཞུང་ནས་བོད་ནང་དྲག་གནོན་སྲིད་བྱུས་ལག་ལེན་བསྟར་བཞིན་པར་ཕྱི་ལོ་ ༢༠༠༨ དང་ ༢༠༡༢ ནང་གཞིས་ལུས་བོད་མིས་ཞི་རྒོལ་ཤུགས་ཆེ་རྒྱུན་མཐུད་བྱེས་ཏེ་འུ་ཐུག་ཐབས་ཟད་ཀྱིས་རང་ལུས་མེར་བསྲེགས་ཀྱི་མཚོན་ཚེ་ལས་འདས་པའི་སྙིང་སྟོབས་ཅན་ཆེས་མང་རིམ་ཐོན་པ་རྣམས་མཐར་ཐུག་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་འཐོབ་སླད་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་འབུལ་རྒྱུའི་ཐུགས་སྨོན་སྐྱབས་ཞུ་ཡིག་འབྲུ་ ༢༥༠ ལས་མ་ཉུང་བ་ཞིག་བྲིས།
  • ༤ རང་ཉིད་བོད་མིའི་སྒྲིག་འཛུགས་ཀྱི་སྲི་ཞུ་བར་འཛུལ་ཞུགས་བྱེད་རྒྱུ་ཡིན་པར་བོད་མིའི་སྒྲིག་འཛུགས་ཀྱི་སྲི་ཞུ་ལས་བྱེད་རྣམས་ལྷག་བསམ་དང་ཤེས་འཇོན་གཉིས་ལྡན་ཅན་ཡོང་ཐབས་དང་། ཁྱད་ཆོས་དེ་ལྟར་ལྡན་པའི་ལས་བྱེད་རྣམས་བགྲེས་ཡོལ་མ་ཟིན་བར་ལུས་སེམས་ཆགས་ཐབས་སུ་ལས་བྱེད་པར་མཐུན་རྐྱེན་ག་རེ་དགོས་མིན་ཁ་གསལ་འཁོད་པའི་ཡིག་འབྲུ་ ༣༠༠ ལས་མ་ཉུང་བའི་༸སྙན་ཞུ་ཞིག་སྲིད་སྐྱོང་མཆོག་གི་མཚན་ཐོག་འབྲི་རྒྱུ།
  • ༥ བོད་མིའི་སྒྲིག་འཛུགས་ཀྱི་གཏན་ཉིན་སློབ་གྲྭ་ཁག་དང་། གཞི་ཆགས་རྣམས་སྔར་ལྷག་ཚགས་ཚུད་ཡར་རྒྱས་ཡོང་ཐབས་སུ་རང་ཉིད་ཀྱི་རྩོམ་བྲིས་དོན་ཚན་གལ་ཆེ་ལྔ་ཅན་ཡིག་འབྲུ་ ༣༥༠ ལས་མ་ཉུང་བ་ཞིག་བཀའ་ཤག་ལ་འབུལ་རྒྱུ་བྲིས།
  • ལེའུ་གཉིས་པ་སུམ་ཅུ་པ།

  • ༡ ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྐུ་དུས་སུ་བོད་ཡིག་གསར་རྩོམ་གནང་དགོས་པའི་རྒྱུ་མཚན་སྙིང་བསྡུས་བྲིས།
  • ༢ སྔོན་རྗེས་གཉིས་དང་། མིང་གཞི། ཡང་འཇུག་བཅས་ཀྱི་དབྱེ་བ་དང་གྲངས་འདྲེན་བྲིས་དགོས།
  • ༣ གཞན་རྣམས་མིང་མཐའི་རྗེས་མཐུན་སབྱར། ཞེས་པའི་གོ་དོན་དང་འདིའི་ཚིག་གྲོགས་གོང་མ་རྣམས་ལ་འགྲེལ་བཤད་བྲིས།
  • ༤ ལ་དོན་གྱིི་ཚིག་ཕྲད་ལ་རང་དབང་ཅན་དང་གཞན་དབང་ཅན་ཡོད་ཚེ་དཔེ་མཚོན་གྱི་ལམ་ནས་ལ་དོན་གྱི་ཚིག་ཕྲད་ཆ་ཚང་རྗེས་་འཇུག་དང་ཡང་འཇུག་ལ་བསྟུན་དགོས་དང་མ་དགོས་འཇུག་ཚུལ་འགྲེལ་བཤད་ཞིབ་ཕྲ་བྲིས།
  • ༥ འབྲེལ་སྒྲ་དང་བྱེད་སྒྲའི་ཁྱད་པར་དང་། ཨི་ལྡན་གྱི་ཚིག་ཕྲད་རྣམས་རྗེས་འཇུག་དང་ཡང་འཇུག་ལ་བསྟུན་ནས་འཇུག་ཚུལ་དཔེ་མཚོན་འགྲེལ་བཤད་བྲིས།
  • ༦ འ་དང་མཐའ་མེད་འང་དང་ཡང་། ཞེས་པའི་ཚིག་གྲོགས་གོང་མ་རྣམས་ངོས་འཛིན་དང་གོང་འོག་གཉིས་ཀྱི་འགྲེལ་བཤད་བྲེས།
  • ༧ ཏེ་དེ་སྟེ་གསུམ་རྗེས་འཇུག་དང་ཡང་འཇུག་ལ་བསྟུན་ནས་འཇུག་དགོས་པ་ལེགས་བཤད་ལྗོན་དབང་གི་རྩ་འགྲེལ་ཞིབ་ཕྲ་འབྲི་རྒྱུ།
  • ༨ འབྱུང་ཁུངས་ཀྱི་ཚིག་ཕྲད་ངོས་འཛིན་དང་དེ་རྣམས་རིགས་མཐུན་པ་དང་། མི་མཐུན་པ། བསྡུས་པ་བཅས་ལ་འཇུག་པའི་དཔེ་མཚོན་རེ་དང་དེའི་འགྲེལ་བཤད་བྲིས།
  • ༩ འབྱེད་སྡུད་ཀྱི་ཚིག་ཕྲད་ངོས་འཛིན་དང་དེ་རྣམས་འཇུག་ཡུལ་དཔེ་བརྗོད་བྲེས།
  • ༡༠ འོ་འུ་འམ་གྱི་གོང་དུ་ཚེག། ཞེས་པའི་ཚིག་གྲོགས་སྔ་ཕྱི་ངོས་འཛིན་དང་འགྲེལ་བཤད་བྲིས།
  • ༡༡ དེ་སྒྲ་ཐ་སྙད་འདས་མ་ཐག་པ་དང་། རྣམ་གྲངས་གཞན་ཅན་ལ་འཇུག་ཚུལ་བྲིས།
  • ༡༢ དཔེ་མཚོན་གྱི་ལམ་ནས་བདག་སྒྲའི་གོ་དོན་འགྲེལ་བཤད་རྒྱག་དགོས།
  • ༡༣ དགག་སྒྲའི་ཚིག་ཕྲད་ངོས་འཛིན་དང་འགྲེལ་བཤད་བྲིས།
  • ༡༤ ས་མཐར་དམིགས་བསལ་ཞེས་མ་གཏོགས། ཞེས་པའི་གོ་དོན་དང་ཚིག་གྲོགས་སྔ་ཕྱིའི་འགྲེལ་བཤད་བྲིས།
  • ༡༥ གུག་ཀྱེད་བརྩེགས་འདོགས་ཅན་ལ་སྤང་། ཞེས་པའི་གོ་དོན་འགྲེལ་བཤད་རྒྱག་དགོས།
  • ༡༦ ཚིགས་བཅད་ག་མཐར་ཆིག་ཤད་བྱ། ཞེས་པའི་ཚིག་གྲོགས་ཕྱི་མ་དང་། ཚེག་མེད་དེ་སོགས་ཞིབ་ཏུ་འབད། ཞེས་པའི་བར་ཚིག་རྐང་བདུན་ཡོད་པ་དེ་རྣམས་ཀྱི་གོ་དོན་ཁ་གསལ་འབྲི་དགོས་པ་བཅས་སོ།

    ལེའུ་གསུམ་པ་རྟགས་འཇུག

  • ༡ དཀའ་གནད་གསལ་སྒྲོན་ལས་གསལ་བྱེད་སུམ་ཅུ་དང་། སྔོན་འཇུག རྗེས་འཇུག ཡང་འཇུག་བཅས་ཕོ། མོ། མ་ནིང་། ཤིན་ཏུ་མོ་བཅས་སུ་དབྱེ་ཚུལ་ཁ་གསལ་བྲིས།
  • ༢ སྔོན་རྗེས་གཉིས་དང་ཡང་འཇུག་བཅས་མིང་གཞིར་སྒྲ་རྩོལ་དྲག ཞན། རན་གསུམ་གྱི་འཇུག་ཚུལ་ཞིབ་ཁྲ་དཔེ་མཚོན་འབྲི་རྒྱུ།
  • ༣ བདག་གཞན་དུས་གསུམ་དང་། བྱ་བྱེད་ལས་གསུམ་གསལ་པོར་སྟོན་པའི་དཔེ་བརྗོད་རེ་འབྲི་དགོས།

    ལེའུ་བཞི་པ་སྙན་ངག་དང་ཡིག་སྐུར་རྣམ་གཞག

  • ༡ དོན་རྒྱན་སོ་ལྔ་ལས་རང་བཞིན་བརྗོད་པའི་རྒྱན་གྱི་གོ་དོན་དང་། གོ་དོན་གཞི་རྩར་བཟུང་སྟེ་རང་བཞིན་བརྗོད་པའི་དཔེ་བརྗོད་ཞིག་འབྲི་དགོས།
  • ༢ དཔེ་རྒྱན་དང་། གཟུགས་ཅན་གྱི་དབྱེ་བ་དང་འགྲེལ་བཤད་ཁ་གསལ་བྲིས།
  • ༣ རྡ་ས་བཞུགས་སྒར་གྱི་གཙང་འཕྲོད་དང་། ཁོར་ཡུག་ཡར་རྒྱས་གཏོང་ཕྱོགས་སུ་སྙན་ཚིག་དཔེ་རྒྱན་དང་། གཟུགས་ཅན་ལྡན་པའི་ལས་འཆར་ཡིག་འབྲུ་ ༣༥༠ ལས་མ་ཉུང་བའི་སྙན་ཞུ་ཞིག་འཕྲོད་བསྟེན་བཀའ་བློན་མཆོག་ལ་འབུལ་རྒྱུ་བྲིས།
  • ༤ རང་ཉིད་ཆོས་རིག་བཀའ་བློན་གྱི་ངོ་བོ་བྱས་ཏེ་ཆོས་ལུགས་ཆེ་ཁག་བཞི་དང་གཡུང་དྲུང་བོན་བཅས་ཀྱི་བླ་ཆེན་དབུ་འཁྲིད་རྣམས་ལ་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་༸སྐུ་ཚེ་ཞབས་པད་བསྐལ་བརྒྱར་བརྟན་པའི་ཞབས་རིམ་སྨིན་སྒྲུབ་ཞུས་ཐོ་ཆོས་རིག་ལས་ཁུངས་སུ་འབུལ་དགོས་སྙན་ཚིག་ཟབ་མཆོར་ལྡན་པའི་གནས་སྙན་ཡིག་འབྲུ་ ༣༠༠ ལས་མ་ཉུང་བ་ཞིག་གི་བརྗོད་དོན་གཙོ་བོ་གཅིག་པ་ཡིན་པའི་ཐོག་འགོ་བརྗོད་ཆོས་ལུགས་སོ་སོའི་དབུ་འཛིན་གྱི་མཚན་གནས་ལོགས་སུ་འཁོད་པ་ཞིག་བྲིས།
  • ༥ རང་བཞིན་བརྗོད་པའི་རྒྱན་བསྡུ་བའི་རྩ་བ་ལས། རིགས་དང་བྱ་བ་ཡོན་ཏན་རྫས། རང་བཞིན་བརྗོད་པ་འདི་འདྲ་ན། བསྟན་བཅོས་ཀུན་ལ་རྒྱལ་སྲིད་ཉིད། སྙན་ངག་ལའང་འདི་འདོད་དོ། ཞེས་པ་ཚིག་རྐང་བཞིའི་འགྲེལ་བཤད་ཁ་གསལ་འབྲི་རྒྱུ།

    ལེའུ་ལྔ་པ་ནང་ཆོས།

  • ༡ ནང་པ་དང་ཕྱི་བའི་ཁྱད་པར་ངོས་འཛིན་འབྲི་དགོས།
  • ༢ ཐེག་ཆེན་དང་ཐེག་དམན་གྱི་དབྱེ་བ་འགྲེལ་བཤད་བྲིས།
  • ༣ སྐྱབས་འགྲོ་དང་། མཌྷིའི་གོ་དོན་འགྲེལ་བཤད་ཁ་གསལ་བྲིས།
  • ༤ ཚེ་འདི་དང་སྐྱེ་བ་ཕྱི་མ་གཉིས་ཀར་ཕན་ཆེད་ཆོས་ཉམས་སུ་ལེན་དགོས་པའི་རྒྱུ་མཚན་འགྲེལ་བཤད་ཁ་གསས་བྲིས།
  • ༥ ཆོས་ཉམས་སུ་ལེན་པར་རང་ཉིད་ནས་སྣོད་ཀྱི་སྐྱོན་གསུམ་སྤང་མ་ཐུབ་ན་ཡང་དག་པའི་ཆོས་ཉམས་སུ་ལེན་མི་ཐུབ་པའི་རྒྱུ་མཚན་འགྲེལ་བཤད་ཡིག་འབྲུ་ ༣༠༠ ལས་མ་ཉུང་བ་བྲིས།
  • ༦ བོད་དུ་ནང་ཆོས་དར་ཚུལ་དང་། རྗེས་སུ་ཉམས་རྒུད་འགྲོ་སྟངས། དེ་ནས་སླར་གསོ་བྱུང་ཚུལ་ཡིག་འབྲུ་ ༢༥༠ ལས་མ་ཉུང་བ་བྲིས།༧ཕྱི་ལོ་ ༡༩༥༤ ལོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས་སྤེ་ཅིང་དུ་མའོ་ཚེ་ཐུང་མཇལ་འཕྲད་གནང་སྐབས་ཆོས་ཀྱི་སྐོར་ལ་མ་འོས་༸གོང་ས་མཆོག་ལ་༸སྙན་གསན་ག་རེ་ཞུས། ཁོ་པས་དེ་ལྟར་ཞུས་པར་༸གོང་ས་མཆོག་གི་ཐུགས་ལ་ག་རེ་འཁྲུངས་ཡོད་བཅས་མཛད་རྣམ་ནང་གང་གསལ་བ་བྲིས།༨འཛམ་གླིང་ནང་གི་ཡོངས་གྲགས་ཆོས་ལུགས་ནང་ཁུལ་དོན་དམ་གྱི་མཛའ་འབྲེལ་ཡོང་ཐབས་སུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་དོན་གནད་གལ་ཆེ་ ༣ བཀའ་གནང་བཞིན་པའི་དགོངས་དོན་འགྲེལ་བརྗོད་ཡིག་འབྲུ་ ༢༠༠ ལས་མ་ཉུང་བ་བྲིས།

    ལེའུ་དྲུག་པ་རྒྱལ་རབས་དང་ཆབ་སྲིད།

  • ༡ ཡོངས་གྲགས་རྒྱལ་རབས་ལོ་རྒྱུས་་བ་རྣམས་ནས་བོད་ནང་མིའི་སྤྱི་ཚོགས་ཀྱི་རྣམ་པ་ཆགས་པ་ནས་ ༡༩༥༩ བར་རྒྱལ་རབས་ཐོག་ནས་ལོ་ཇི་ཙམ་ཕྱིན་དང་། ལོ་དུས་དེའི་ནང་བོད་རང་བཙན་ཡིན་པའི་མཚོན་དོན་གལ་ཆེའི་རིགས་ག་རེ་ག་རེ་བྱུང་འགྲེལ་བཤད་ཁ་གསལ་ཡིག་འབྲུ་ ༣༥༠ ལས་མ་ཉུང་བ་འབྲི་རྒྱུ།
  • ༢ བོད་སྤྱི་ལ་དབང་བའི་རྒྱལ་བརྒྱུད་རིམ་བྱུང་ནས་ཡོངས་སུ་གྲགས་པའི་ཆོས་རྒྱལ་མེས་དབོན་རྣམ་གསུམ་སོ་སོ་ནས་བོད་དེ་རང་བཙན་གཙང་མའི་རྒྱལ་ཁབ་ཤིག་ཡིན་པའི་ཆབ་སྲིད་ཀྱི་མཛད་འཕྲིན་གལ་ཆེ་རིགས་ཡིག་འབྲུ་ ༣༦༠ ལས་མ་ཉུང་རེ་འབྲི་དགོས།
  • ༣ བོད་སོག་གི་འབྲེལ་བ་བྱུང་ཚུལ་དང་། ཏ་ལའི་བླ་མའི་མཚན་གནས་ཕུལ་བའི་ལོ་རྒྱུས་ཞིབ་ཕྲ་འབྲི་དགོས།
  • ༤ ༸གོང་ས་སྐྱབས་མགོན་ཏ་ལའི་བླ་མ་སྐུ་ཕྲེང་ལྔ་པ་དང་། སྐུ་ཕྲེང་བཅུ་གསུམ་པ་ཆེན་པོས་བོད་མི་ཡོངས་ལ་ཆབ་སྲིད་ཀྱི་བཀྲིན་བསྐྱངས་པའི་མཛད་འཕྲིན་དང་། ལྷག་པར་དུ་༸རྒྱལ་དབང་སྐུ་ཕྲེང་བཅུ་བཞི་བ་ཆེན་པོ་མཆོག་ནས་ད་བར་བོད་མི་ཡོངས་ལ་ལུགས་ཟུང་ཆབ་སྲིད་ཀྱི་བཀའ་དྲིན་ཚད་ལས་འདས་པ་བསྐྱངས་པའི་འགྲེལ་བཤད་ཡིག་འབྲུ་ ༣༠༠ ལས་མ་ཉུང་བ་འབྲི་རྒྱུ།
  • ༥ བོད་ཀྱི་རྒྱལ་རབས་ལོ་རྒྱུས་ནས་ཕྱི་ལོ་ ༡༩༠༤ ༡༩༡༤ ༡༩༤༢ ༡༩༤༧ ༡༩༥༡ ༡༩༥༤ ༡༩༥༩ ༡༩༦༡ ༡༩༦༥ ༡༩༨༩ བཅས་ལོ་དུས་སོ་སོ་ནང་བོད་རྒྱལ་ཁབ་དང་མི་རིགས་ལོགས་སུ་ཡིན་པའི་གལ་ཆེའི་ཆབ་སྲིད་ཀྱི་གནས་ཚུལ་བྱུང་རབས་ལོ་རྒྱུས་ལོ་དུས་ཁག་དགུ་ཡོད་པ་རེ་ལ་ཡིག་འབྲུ་ ༥༠ ལས་མ་ཉུང་བ་འབྲི་རྒྱུ།
  • ༦ ༡༩༥༩ ནས་ ༢༠༠༨ བར་རྒྱ་ནག་གཞུང་ནས་བོད་མི་རིགས་ཐོག་ལོ་རྒྱུས་དང་མི་སྤྱོད་ལས་འདས་པའི་དྲག་གནོན་སྲིད་བྱུས་ལག་ལེན་བསྟར་བའི་འགྲེལ་བཤད་ཡིག་འབྲུ་ ༣༥༠ ལས་མ་ཉུང་བ་བྲིས།
  • ༧ བཅའ་སྒྲིག་དགོངས་དོན་བཙན་བྱོལ་སྒྲིག་འཛུགས་ནང་མང་གཙོའི་ཀ་བ་གསུམ་བྱུང་རབས་ལོ་རྒྱུས་ཞིབ་ཕྲ་བྲིས།
  • ༨ བཙན་བྱོལ་སྒྲིག་འཛུགས་ཀྱི་བློན་ཆེན་ལས་ཁུངས་ཁག་དང་། ཁྱབ་ཁོངས་བཅས་ཀྱི་ལས་འགན་གལ་ཆེ་རིགས་ཡིག་འབྲུ་༥༠ ལས་མ་ཉུང་བ་རེ་ཁུངས་སོ་སོར་བྲིས།
  • ༩ བོད་མིའི་སྒྲིག་འཛུགས་ཀྱི་གྲོས་ཚོགས་ནས་གཏན་འབེབ་གནང་བའི་ཤེས་ཡོན་སྲིད་བྱུས་དེ་བཞིན་ཤེས་རིག་ལས་ཁུངས་ཁྱབ་ཁུངས་སུ་གཏན་ཉིན་སློབ་གྲྭ་ཁག ༧༧ ཡོད་པ་ཚང་མའི་ནང་ལག་ལེན་བསྟར་ཐུབ་དང་མི་ཐུབ། བསྟར་ཐུབ་པའི་སློབ་གྲྭ་ཁག་ལ་ཤེས་ཡོན་སྲིད་བྱུས་ནས་དགེ་ཕན་ག་རེ་ཐོབ། སློབ་གྲྭ་ཁ་ཤས་ཀྱི་འཛིན་སྐྱོང་གནས་སྟངས་ཐོག་ནས་ཤེས་ཡོན་སྲིད་བྱུས་ལག་བསྟར་མ་ཐུབ་ན་སློབ་ཕྲུག་རྣམས་ཀྱི་ཤེས་ཚད་དང་། བཟང་སྤྱོད་ཡར་རྒྱས་ཡོང་རྒྱུར་འགལ་རྐྱེན་ཇི་ཡོང་འགྲེལ་བརྗོད་ཞིབ་ཕྲ་འབྲི་དགོས།
  • ༡༠ ༸གོང་ས་སྐྱབས་མགོན་ཆེན་པོ་མཆོག ༡༩༥༤ ལོར་མའོ་ཚེ་ཐུང་མཇལ་འཕྲད་གནང་སྐབས་ཤིག་ལ་བོད་ཀྱི་རྒྱལ་དར་སྐོར་མའོས་༸གོང་ས་མཆོག་ལ་ག་རེ་ཞུས་ཡོད་དང་། རྒྱལ་དར་གྱི་ལོ་རྒྱུས་ཡིག་འབྲུ་ ༣༨༠ ལས་མ་ཉུང་བ་འབྲི་རྒྱུ།
  • ༡༡ ཤིང་སྟག་སིམ་ལའི་ཆིངས་ཡིག་དང་། རྒྱ་གར་རང་བཙན་ཐོབ་པའི་ལོ་དེར་ཨེ་ཤ་ཡ་མཛའ་མཐུན་ལྷན་ཚོགས་བཅས་སུ་བོད་དེ་རང་བཙན་ཡིན་པའི་དཔང་རྟགས་ག་རེ་བསྟན་ཡོད་ཡིག་འབྲུ་ ༤༠༠ ལས་མ་ཉུང་བ་འགྲེལ་བརྗོད་འབྲི་དགོས།
  • ༡༢ པཌྷ་ཆེན་སྐུ་འཕྲེང་བཅུ་པ་མཆོག་དགོངས་པ་མ་རྫོགས་གོང་མའོ་ཚེ་ཐུང་ལ་ཡིག་འབྲུ་ཁྲི་བདུན་གནང་དགོས་རྒྱུ་མཚན་དང་། ཡིག་འབྲུ་ཁྲི་བདུན་གྱི་བརྗོད་དོན་གཙོ་བོ་འགྲེལ་བཤད་རྒྱག་དགོས།
  • ༡༣ རྒྱ་ནག་གཞུང་གི་རྒྱལ་ཡོངས་ཆོས་ལུགས་ལས་དོན་འཛིན་སྐྱོང་ནས་གཏན་འབེབས་སྔོན་དུ་བྱས་པའི་བཀའ་རྒྱ་ཨང་ ༥ པ་ཞེས་པ་ ༢༠༠༧ ཟླ་ ༧ ཚེས་ ༡༨ ཉིན་གསལ་བསྒྲགས་བྱས་ཏེ་བོད་ནང་བླ་སྤྲུལ་སྐུ་སྐྱེ་ངོས་འཛིན་ཞུ་ལུགས་བཀའ་རྒྱ་ཨང་ ༥ པ་ཟེར་བ་དེ་གཞི་བཟུང་དགོས་སྐོར་ལ་ ༢༠༠༧ ཟླ་ ༩ ཚེས་ ༢ ཉིན་ཆོས་རིག་བཀའ་བློན་མཆོག་ནས་དགག་ལན་དོན་ཚན་ ༧ ཅན་གནང་ཡོད་པ་དོན་ཚན་སོ་སོའི་གནད་དོན་གལ་ཆེ་རིགས་འགྲེལ་བཤད་བྲིས།
  • ༡༤ ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་འབྱུང་འགྱུར་སྐུ་ཕྲེང་ ༡༥ པ་སྐུ་གོང་མའི་ཡང་སྲིད་དུ་ངོས་འཛིན་ཞུ་ཕྱོགས་ཐོག་བཀའ་སློབ་གསུང་འཕྲིན་ཞིབ་གསལ་བསྩལ་བ་འགྲེལ་བརྗོད་ཁ་གསལ་འབྲི་རྒྱུ།

    ལེའུ་བདུན་པ་སྤྱིར་སྟངས་ཤེས་བྱ།

  • ༡ ༡༩༥༩ གོང་རྒྱ་གར་དང་རྒྱ་ནག་ཐད་ཀར་ཐུག་པའི་ས་མཚམས་ཡོད་དང་མེད་འགྲེལ་བཤད་ཡིག་ཕྲེང་གཅིག་འབྲི་རྒྱུ།
  • ༢ རྒྱ་གར་གཞུང་ནས་མེག་མོའན་ས་ཐིག་དེ་བཞིན་རྒྱ་དཀར་ནག་གཉིས་དབར་ཁྲིམས་མཐུན་གྱི་ས་མཚམས་དབྱེ་ཐིག་ཡིན་པར་ངོས་འཛིན་བྱེད་དང་མི་བྱེད་ལན་ཡིག་ཕྲེང་གཉིས་བྲིས།
  • ༣ མང་གཙོའི་ལམ་ལུགས་ནང་མང་གཙོའི་ཀྭ་བ་གསུམ་དགོས་གལ་རྒྱུ་མཚན་ཡིག་ཕྲེང་གཅིག་བྲིས།
  • ༤ ད་ལྟའི་རྒྱ་ནག་གི་འགོ་ཁྲིད་ཚོས་བོད་ཀྱི་རྒྱལ་རབས་ལོ་རྒྱུས་ཁྱོག་བཤད་རྫུན་གཏམ་གྱི་ཐོག་ནས་བོད་དེ་དུས་རབས་༡༥ཋ༡༦ཋ༡༣ག་དུས་ནས་རྒྱ་ནག་གི་ཁོངས་གཏོགས་ཡིན་ཚུལ་བརྗོད་བཞིན་པ་གཅིག་ལ་འདེམས་རྟགས་རྒྱག་དགོས།
  • ༥ ཏཱ་ལའི་བླ་མ་སྐུ་ཕྲེང་རིམ་བྱོན་གྱིས་བོད་ཀྱི་ཆབ་སྲིད་དབུ་ཁྲིད་གནང་སྲོལ་མ་དར་གོང་ཆབ་སྲིད་ཐོག་བོད་རྒྱལ་ཁབ་རྒྱ་སྐྱེད་གནང་མཁན་གཉའ་ཁྲི་བཙན་པོ་༼སྒར་སྟོང་བཙན་༽མེས་དབོན་རྣམ་གསུམ་ བཅས་གསུམ་ནས་སུ་ཡིན་ གཅིག་ལ་འདེམས་རྟགས་རྒྱག་དགོས།
  • ༦ མངའ་བདག་ཁྲི་རལ་གྱི་དུས་སུ་བོད་དང་རྒྱ་ནག་དབར་དམག་འཐབ་བྱུང་སྟེ་རྒྱ་དམག་རྣམས་ཕམ་སྟེ་བོད་དམག་གིས་རྒྱའི་ས་ཆ་བཟུང་པ་དང་། དེ་རྗེས་བར་འདུམ་བྱས་ཏེ་ཕན་ཚུན་བཙན་འཛུལ་བྱེད་རྒྱུ་མེད་པ་བོད་རྒྱ་གནིས་ནས་ཁས་ལེན་བྱས་པའི་བརྗོད་ཚིག་དང་བོད་རྒྱ་ས་མཚམས་དབྱེ་འབྱེད་ཀྱི་བརྗོད་ཚིག་ག་རེ་ལ་བཀོད་ནས་ས་ཆ་ཁག་གསུམ་དུ་ཡོད་པའི་འགྲེལ་བཤད་ཡིག་ཕྲེང་གསུམ་བྲིས།
  • ༧ མེངྒ་རྒྱལ་བརྒྱུད་ནས་(Ming Dynasty) རྒྱ་ནག་གི་སྲིད་དབང་འཛིན་བཞིན་པའི་དུས་སུ་བོད་ཀྱི་ཆབ་སྲིད་འཛིན་སྐྱོང་སུས་བྱས་འགྲེལ་བརྗོད་ཡིག་ཕྲེང་གཅིག་བྲིས།
  • ༨ ༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས་བོད་མིའི་ཆོས་སྲིད་ཀྱི་དབུ་ཁྲིད་ཐུགས་འགན་ཐོག་མར་བཞེས་སྐབས་ནས་བོད་མིའི་སྤྱི་ཚོགས་ནང་མང་གཙོའི་ལྟ་སྒྲུབ་གསར་གཏོད་གནང་རྒྱུ་དགོངས་གཞི་ཡོད་པ་བཞིན་བཙན་བྱོལ་སྒྲིག་འཛུགས་ནང་མི་མང་ནས་འོས་འདེམས་བྱས་པའི་སྤྱི་འཐུས་དང་པོ་རྣམས་ནས་ལས་འགན་དམ་འབུལ་ཕྱི་ལོ་ ༡༩༦༢ཋ༡༩༦༠ཋ༡༩༦༣ བཅས་ག་དུས་ཞུས་དང་། དམ་འབུལ་ཞུ་ས་མ་སུ་རི་ཋརྡོ་རྗེ་གདན་ཋབཞུགས་སྒར་ བཅས་གང་དུ་ཡིན་འདེམས་རྟགས་རྒྱག་དགོས།
  • ༩ མང་གཙོ་ཚད་ལྡན་གྱི་ལམ་ལུགས་ལ་མང་གཙོའི་ཀ་བ་གསུམ་ཡོད་དགོས་ཋམི་དགོས གཅིག་ལ་རྟགས་རྒྱག་རྒྱུ་དང་། ཡོད་དགོས་ན་དེ་ལྟར་དགོས་པའི་རྒྱུ་མཚན་ཡིག་ཕྲེང་རེ་ཁུངས་སོ་སོར་བྲིས།༡༠ བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོའི་ཀ་བ་གསུམ་༡༩༨༡ཋ༡༩༧༡ཋ༡༩༩༡ བཅས་ག་དུས་ནས་མིང་དོན་མཚུངས་པ་ཆགས་ཡོད་གཅིག་ལ་འགྲིག་རྟགས་རྒྱག་དགོས།
  • ༡༡ ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་མ་འོངས་བོད་ཀྱི་རྩ་ཁྲིམས་ཕྱི་ལོ་ ༡༩༦༣ ༡༩༨༣།༡༩༧༣ བཅས་ལོ་ཁམས་ག་དུས་གསལ་བསྒྲགས་བསྩལ་དང་། བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཕྱི་ལོ་༢༠༠༡།༡༩༩༣།༡༩༩༡ ག་དུས་ནས་ལག་ལེན་བསྟར་ཆོག་འཐུས་བཀའ་འཁྲོལ་ཆོག་མཆན་བསྩལ་བཅས་ལོ་ཁམས་རེ་ལ་འགྲིག་རྟགས་རྒྱག་དགོས།
  • ༡༢ ཕྱི་ལོ་ ༡༩༥༦ ལོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་ལ་ཐོག་མར་ཕེབས་རྒྱུའི་མཛད་འཆར་ལ་དེ་སྐབས་ལྷ་སར་ཡོད་པའི་རྒྱ་ནག་གཞུང་ཚབ་ནས་འགོག་རྐྱེན་བྱས་པའི་རྒྱུ་མཚན་ཡིག་ཕྲེང་ ༢ བྲིས།
  • ༡༣ སྐབས་དེར་༸གོང་ས་མཆོག་རྒྱ་གར་ལ་ཆིབས་འསྒྱུར་གནང་རྒྱུར་ཆབ་སྲིད་ཀྱི་དགོངས་བཞེས་ག་རེ་གནང་ཡོད་མེད་འགྲེལ་བརྗོད་ཡིག་ཕྲེང་ ༣ བྲིས།
  • ༡༤ ༡༩༥༦ ལོར་༸གོང་ས་མཆོག་རྒྱ་གར་ལ་ཕེབས་སྐབས་གཞུང་འབྲེལ་ཕེབས་བསུ་དང་། ཆབ་སྲིད་ཀྱི་འགན་དབང་ཡོད་པའི་ཆེས་མཐོའི་དབུ་ཁྲིད་ཚོས་༸གོང་ས་མཆོག་མཇལ་འཕྲད་ཞུས་ཡོད་མེད་གཅིག་ལ་འདེམས་རྟགས་རྒྱག་དགོས།
  • ༡༥ སྐབས་དེར་༸གོང་ས་མཆོག་ནས་རྒྱ་གར་སྲིད་བློན་ནེ་རུ་དང་། རྒྱ་ནག་སྲིད་བློན་ཀྲུའན་ལེ་རྣམ་གཉིས་མཇལ་མོལ་མ་གནང་གོང་༸གོང་ས་མཆོག་བོད་ལ་ཕྱིར་ཕེབས་གནང་འཆར་ཡོད་ཋམེད་ གཅིག་ལ་འདེམས་རྟགས་རྒྱག་དགོས།
  • ༡༦ ༸གོང་ས་མཆོག་གི་བཀའ་སློབ་ནང་བོད་ཀྱི་གྲོང་ཁྱེར་ཆེ་ཁག་ནང་བོད་མི་ལས་རྒྱ་མི་མང་བ་ཡོད་པ་དཔེར་ན་ལྷ་སའི་མི་འབོར་གྱི་བཞི་ཆ་གཅིགལྔ་ཆ་གཅིགཋགསུམ་ཆ་གཅིག རྒྱ་མི་རེད་ཞེས་ཕེབས་པ་གང་ཡིན་གཅིག་ལ་འདེམས་རྟགས་རྒྱག་དགོས།
  • ༡༧ ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་འཛམ་གླིང་ཞི་བདེའི་གཟེངས་རྟགས་ཕུལ་བའི་རྒྱུ་མཚན་༸གོང་ས་མཆོག་ནང་པའི་དབུ་ཁྲིད་ཞིག་ཡིན་པ་ཋའཛམ་གླིང་ཞི་བདེའི་དེད་དཔོན་ཡིན་པ་ཋབོད་མིའི་འཐབ་རྩོད་དེ་འཚེ་མེད་ཞི་བའི་ཐོག་ནས་གནང་བཞིན་པ་བཅས་གང་ཡིན་གཅིག་ལ་འགྲིག་རྟགས་བཀོད།
  • ༡༨ དེང་བེད་སྤྱོང་བྱེད་བཞིན་པའི་བོད་ཡིག་གི་གཟུགས་དབྱིབས་འདི་ལེགས་སྦྱར་ཡིག་གཟུགསཋ ཝ་ཏུའི་ཡིག་གཟུགས ལཉ་ཛའི་ཡིག་གཟུགས་བཅས་གསུམ་ལས་དཔེ་གང་ལ་གཟིགས་ཡོད་དེར་འདེམས་རྟགས་རྒྱག་དགོས།
  • ༡༩ བཙན་བྱོལ་སྒྲིགས་འཛུག་ནང་མང་གཙོའི་གོ་རྟོགས་ལག་བསྟར་ཇེ་ཆེར་ཕྱིན་ཏེ་བོད་མི་མང་ནས་བཀའ་བློན་ཁྲི་པ་ཐད་ཀར་འོས་འདེམས་བྱེད་སྲོལ་བཀའ་ཤག་སྐབས་ ༡༠།༡༡།༡༢ བཅས་ག་དུས་ནས་ཡིན་གཅིག་ལ་འདེམས་རྟགས་བཀོད།
  • ༢༠ གཤམ་གསལ་ཨེ་ཤ་ཡའི་ཡོངས་གྲགས་ཆུ་ཆེན་རྣམས་ཀྱི་ཐོན་ཁུངས་བོད་ཡིན་པ་དེ་རྣམས་ཀྱི་བོད་པའི་མིང་ཀྲུགས་ནས་བྲིས་པ་དངོས་འབྲེལ་གང་ཡིན་དཔེ་མཚོན་ལྟར་བྲི་དགོས།

    1. Brahmaputra སངྒེ་ཁ་བབས།
    2. Yellow River སྨ་ཆེན་སྤོམ་ར།
    3. Salween River གླང་ཆེན་ཁ་བབས།
    4. Sutlej River དངུལ་ཆུ།
    5. Indus River དཀྱིལ་ཆུ།
    6. Ganges River དམའ་ཆུ།

  • ༢༡ སྐབས་ ༣ པའི་སྲིད་སྐྱོང་མཆོག་ནས་འགྲོ་བཞིན་པའི་ལོ་ལྔ་རིང་བོད་མིའི་སྒྲིག་འཛུགས་ཀྱི་ཆབ་སྲིད་འཛིན་སྐྱོང་གི་གཙོ་གལ་ཆེ་བའི་ལྟ་སྤྱོད་ ཆིག་བསྒྲིལ་།རང་བཙན་།གསར་གཏོད་།རང་སྲིད་རང་སྐྱོང་།རང་ཁ་རང་གསོ་བཅས་གལ་ཆེའི་བརྗོད་ཚིག་གསུམ་ཡོད་པ་རེ་རེར་རྟགས་རྒྱག་དགོས།
  • ༢༢ སྲིད་སྐྱོང་མཁས་དབང་བློ་བཟང་སེངྒེ་མཆོག་ནས་དབུ་ཁྲིད་པའི་བཀའ་ཤག་སྐབས་ ༡༡།༡༣།༡༤ གང་ཡིན་དང་། སྲིད་སྐྱོང་ཕུད་པའི་ད་རེས་བཀའ་ཤག་ནང་བཀའ་བློན་ ༥།༧།༦ ག་ཚོད་ཡོད། སྲིད་སྐྱོང་ནས་ལས་ཁུངས་གཅིག་གི་བཀའ་བློན་ཡང་གནང་བཞིན་པ་ ནང་སྲིད་། ཕྱི་དྲིལ། ཤེས་རིག་བཅས་གང་ཡིན་སོ་སོར་རྟགས་རེ་རེ་རྒྱག་དགོས།
  • ༢༣ ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་པཌྷ་ཆེན་སྐུ་ཕྲེང་བཅུ་པའི་ཡང་སྲིད་ངོས་འཛིན་གསལ་བསྒྲགས་ ༡༩༩༣།༡༩༩༤།༡༩༩༥ ཕྱི་ཟླ ༣།༤།༥ བཅས་ལོ་དང་ཟླ་བ་ག་རེའི་ནང་གནང་སོ་སོར་རྟགས་རྒྱག་དགོས།
  • ༢༤ བོད་མིའི་སྒྲིགས་འཛུགས་ཀྱི་ཤེས་རིག་ལས་ཁུངས་ཁྱབ་ཁུངས་སུ་རྒྱ་བལ་འབྲུག་གསུམ་ནང་ཁྱོན་བསྡོམས་བོད་པའི་སློབ་གྲྭ་ ༧༧ ཡོད་པ་ནས་རྒྱ་གར་དབུས་གཞུང་བོད་སློབ་འཛིན་ཚོགས་ཁོངས་གཏན་ཉིན་སློབ་ཁག ༣༣།༣༥།༢༨དང་། བོད་ཁྱིམ་གཉིས་ཀྱི་ཁོངས་སུ་གཏན་ཉིན་སློབ་ཁག་ ༡༥།༡༦།༡༩ སམ་བྷོ་ཊ་བོད་སློབ་འཛིན་ཚོགས་ཁོངས་གཏན་ཉིན་སློབ་ཁག་ ༡༠།༡༢།༡༣ བལ་ཡུལ་གང་སེང་ཐེབ་རྩའི་ཁོངས་གཏན་ཉིན་སློབ་ཁག ༡༥།༡༤།༡༣ སློབ་གྲྭ་གཞན་ཁག་༢།༣།༤ བཅས་ག་ཚོད་ཡོད་ཁུངས་སོ་སོར་འགྲིགས་རྟགས་རེ་རྒྱག་དགོས།
  • ༢༥ རྒྱ་བལ་འབྲུག་གསུམ་ནང་ནང་སྲིད་ལས་ཁུངས་ཁྱབ་ཁོངས་སུ་བོད་མིའི་བཟོ་གཞིས་ཁྱོན་བསྡོམས་ ༦༤ ཡོད་པ་ནས་ས་ཞིང་འདེབས་ལས་ཁོ་ནར་བསྟེན་དགོས་རིགས་ ༤༠།༤༡།༤༢ དང་། བཟོ་ཞིང་ལ་བསྟེན་མཁན་གྲངས་ ༦།༧།༨ ལག་ཤེས་བཟོ་གྲྭ་ཁག་ལ་བསྟེན་མཁན་ ༥།༦།༤ ཁ་འཐོར་དུ་གནས་བཞིན་པ་ ༩།༡༠།༡༡ བཅས་གང་ཡིན་ཁུངས་སོ་སོར་རྟགས་རེ་རྒྱག་དགོས་པ་བཅས་སོ།

    འཚང་སྙན་འབུལ་མཁན་རྣམས་ནས་ཤེས་ཚད་རྒྱུགས་སྤྲོད་ལ་བརྒྱ་ཆ་མཐོ་བོ་ལེན་ཐུབ་པ་དང་། སྲི་ཞུའི་ལས་བྱེད་ཁོངས་སུ་འཚུད་ཐབས་ཆེད་གཤམ་གསལ་དེབ་ཁག་དང་། ཚགས་དེབ་ཁག དྲ་རྒྱ་ཁག་བཅས་ནས་དགོས་ངེས་ལོ་རྒྱུས་དང་གནས་ཚུལ་རྣམས་ཤེས་རྟོགས་ཡོང་བ་བྱེད་གལ་ཆེ།

    ༡ ༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་མཛད་རྣམ་ངོས་ཀྱི་ཡུལ་དང་ངོས་ཀྱི་མི་མང་བོད་དབྱིན་གང་རུང།
    ༢ ༸གོང་ས་མཆོག་གི་མཛད་རྣམ་གཉིས་པ་བཙན་བྱོལ་ནང་རང་དབང་།

    ༣ ཕྱི་ལོ་ ༢༠༠༩ ལོར་ནོར་གླིང་མཛད་རྣམ་རྩོམ་སྒྲིག་སྡེ་ཚན་ནས་དཔར་འགྲེམས་ཞུས་པའི་མཛད་རྣམ་གླེགས་བམ་ ༡ ནས་ ༦ བར།

    ༤ པཌྷ་ཆེན་སྐུ་ཕྲེང་བཅུ་པའི་མཛད་རྣམ་ ༢༠༠༩ ཕྱི་ཟླ་བཅིུས་ནང་པཌྷ་ཆེན་ཨེར་ཏེ་ནི་ཞབས་ཞུ་ལས་དོན་ལྟེ་གནས་ཁང་ནས་དཔར་འགྲེམས་ཞུས།

    ༥ ཕྱི་ལོ་ ༢༠༠༣ ལོར་སྤྱི་འཐུས་ལྷན་ཚོགས་ཀྱི་སྲིད་བྱུས་ཉམས་ཞིབ་ལྟེ་གནས་ཁང་ནས་དབྱིན་ཡིག་ཐོག་དཔར་བསྐྲུན་བྱས་པའི་བཙན་བྱོལ་ནང་གི་བོད་ཀྱི་གྲོས་ཚོགས་ཞེས་པ།

    ༦ རྩིས་དཔོན་ཞྭ་སྒབ་པ་དབང་ཕྱུག་བདེ་ལྡན་མཆོག་ནས་རྩོམ་བྲིས་གནང་བའི་བོད་ཀྱི་སྲིད་དོན་རྒྱལ་རབས་བོད་ཡིག་ཐོག་ཡོད་པ་གླེགས་བམ་གཉིས།

    ༧ ཚེ་བརྟན་ཞབས་དྲུང་ནས་རྩོམ་སྒྲིག་གནང་བའི་གངས་ཅན་བོད་ཀྱི་བརྡ་སྤྲོད་པའི་བསྟན་བཅོས་སུམ་ཅུ་པ་དང་རྟགས་འཇུག་གི་རྣམ་གཞག་རྒྱ་ཆེར་བཤད་པ་ཐོན་མིའི་ཞལ་ལུང་ཞེས་བྱ་བ་ཕྱི་ལོ་ ༡༩༨༩ ལོར་ཤེས་རིག་དཔར་ཁང་ནས་དཔར་བསྐྲུན་ཞུས་པ།

    ༨ ཚེ་བརྟན་ཞབས་དྲུང་ནས་ཕྱོགས་སྒྲིག་གནང་པའི་སྙན་ངག་སྤྱི་དོན།

    ༩ ཚེ་བརྟན་ཞབས་དྲུང་ནས་ཕྱོགས་སྒྲིག་གནང་པའི་བོད་མཁས་པའི་མཛད་པའི་སྙན་ངག་གི་དཔེར་བརྗོད་འགྲེལ་བ་ཤེས་རིག་པར་ཁང་ནས་དཔར་བསྐྲུན་ཞུས་པ།

    ༡༠ ༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས་ ༡༩༨༦ གོང་ལོ་བཅུའི་སྔོན་ཆེད་དུ་སྩལ་བའི་གསུང་འཕྲིན་ཁག་དང་ཆེད་རྩོམ་གསལ་བསྒྲགས་གནང་བ་རྣམས་ཕྱི་དྲིལ་ནས་ཕྱོགས་སྒྲིག་དཔར་འགྲེམས་ཞུས་པ།

    ༡༡ ཕྱི་དྲིལ་ལས་ཁུངས་ནས་དབྱིན་ཡིག་ཐོག་ཕྱི་ལོ་ ༡༩༩༦ ལོར་དཔར་བསྐྲུན་ཐེངས་གསུམ་པ་བྱས་པའི་དྲང་པོ་ནས་བདེན་པ་ངོ་སྤྲོད་ཞེས་པའི་བོད་ཀྱི་ཆབ་སྲིད་འགྲེལ་བཤད།

    ༡༢ བདེ་སྲུང་ལས་ཁུངས་ནས་ ༡༩༩༩ ལོར་བོད་ཡིག་ནང་དཔར་བསྐྲུན་བྱས་པའི་བོད་དང་མན་ཇུའི་འབྲེལ་བ་ཞེས་པ།

    ༡༣ ཕྱི་དྲིལ་ནས་ ༡༩༩༥ ལོར་བོད་ཡིག་ཐོག་དཔར་བསྐྲུན་བྱས་པའི་བོད་སོག་འབྲེལ་བར་དཔྱད་པའི་བདེན་གཏམ་ཞེས་པ།

    ༡༤ ཕྱི་དྲིལ་ནས་དཔར་འགྲེམས་བྱེད་བཞིན་པའི་ཤེས་བྱ་གསར་དེབ་དང་། བོད་མིའི་རང་དབང་། དབྱིན་ཡིག་གསར་དེབ་
    (Tibetan Bulletine) བཅས་འདོན་ཐེངས་ཁ་གསར་དང་། འདས་པའི་ལོ་བཅུ་སྔོན་གྱི་འདོན་ཐེངས་ཁག་བཅས་ལ་རྟོགས་ཞིབ་ཀྱིས་དགོས་ངེས་ལོ་རྒྱུས་ཤེས་རྟོགས་དགོས་གལ།

    གཤམ་གསལ་དྲ་རྒྱ་ཁག་ལ་ཡང་རྟོགས་ཞིབ་དགོས་གལ་ཆེ།

    www.dalailama.com www.tcrc.tibet.net
    www.gyalwarinpoche.com www.sherig.org
    www.tibet.net www.tashilhunpo.org
    www.tibetanparliament.org www.ltwa.net

    ཐུགས་སྣང་དགོས་པ།

    འདི་བཞིན་སྲི་ཞུ་ལས་བྱེད་དུ་འཛུལ་ཞུགས་བྱེད་བློ་ཡོད་པ་རྣམས་ཀྱི་བོད་ཡིག་ཤེས་ཚད་ཇི་ཡོད་ཤེས་རྟོགས་ཡོང་བའི་འབྲི་རྒྱུགས་ཀྱི་སྒྲོམ་གཞི་དཔེ་མཚོན་ཁོ་ན་ཡིན། འདི་རྣམས་གཞི་རྩར་བཟུང་ནས་དྲི་ཤོག་བཟོ་བ་པོ་རྣམ་པས་ལས་བྱེད་གསར་འཇུག་གི་ས་དམིགས་གང་ཡིན་པ་དེའི་ལས་འགན་གཙོ་བཟུང་གིས་དྲི་ཤོག་བཟོ་གནང་ཡོད་པ།གོང་གསལ་རྟགས་ཅན་འདི་ རྣམས་གལ་ཆེ་བ་ཡིན། ལས་བྱེད་གསར་ཞུགས་འཚང་སྙན་འབུལ་མཁན་རྣམས་ནས་ཀྱང་གོང་གི་སློབ་ཚན་སྒྲོམ་གཞི་དཔེ་མཚོན་བཀོད་པ་རྣམས་ཤེས་རྟོགས་ཡོང་ཐབས་ཁོ་ན་མ་ཡིན་པར་སློབ་ཚན་དང་འབྲེལ་བ་ཡོད་པའི་དཔེ་དེབ་དྲ་རྒྱ་སོགས་གཞི་རྒྱ་ཆེ་ཙམ་ལ་རྟོགས་ཞིབ་ཀྱིས་རང་ཉིད་ཀྱི་ཤེས་ཚད་གོང་མཐོར་གཏོང་དགོས་པ་སོ་སོའི་གཞི་རྩའི་དམིགས་ཡུལ་སྒྲུབ་ཐབས་ཀྱི་ཆ་རྐྱེན་གལ་ཆེ་བ་ཡིན་ལགས་པ་བཅས་སོ།།