ཟླ་བ་ ༦ ཚེས ༡༡ ༢༠༡༨
Published By ngawang thokmey

༢༠༡༨ ཟླ་ ༦ ཚེས་ ༡༡ རེས་གཟའ་ཟླ་བ།

༄༅། །སློབ་དཔོན་ཆེན་མོ་ཌ་ཝི་སི་ཌུབ་བྷོ་རོ་སི་ཀི་ Davis Dubrovsky ལགས་ནས་ ༢༠༡༨ ལོའི་ཨུ་རུ་སུའི་ལྟ་གྲུབ་རིག་པའི་ཚན་རིག་གི་དུས་དེབ་འདོན་ཐེངས་གསུམ་པ་རུ་སོག་སྐུ་ཚབ་དོན་གཅོད་ཏེ་ལོ་རིན་པོ་ཆེ་མཆོག་གི་ཕྱག་ཏུ་ཕུལ་བ་དང་། སྐབས་དེར་ཏེ་ལོ་རིན་པོ་ཆེ་མཆོག་གིས་སློབ་དཔོན་ཆེན་མོ་ལགས་ཀྱིས་ངལ་བ་ཁྱད་བསད་ཀྱིས་ཨུ་རུ་སུའི་ལྟ་གྲུབ་རིག་པའི་ཚན་རིག་དུས་དེབ་ཕྱོགས་སྒྲིག་གནང་བར་ཐུགས་རྗེ་ཆེ་ཞུས།

ཨུ་རུ་སུའི་ལྟ་གྲུབ་རིག་པའི་ཚན་རིག་གི་དུས་དེབ་འདོན་ཐེངས་གསུམ་པའི་ནང་སློབ་དཔོན་ཆེན་མོ་ཌ་ཝི་སི་ Davis Dubrovsky ལགས་དང་། ཝི་ཀི་ཊོ་རི་ཡ་ Viktoria Lysenko ལགས། མཱ་རི་ཡ་ Maria Falikman ལགས་བཅས་ཀྱི་རྩོམ་ཡིག་དང་གཏམ་བཤད་སྤེལ་བ་སོགས་འཁོད་ཡོད་པ་མ་ཟད། ཨུ་རུ་སུའི་ཚན་རིག་མཁས་དབང་དང་ནང་པའི་མཁས་དབང་དབར་ལ་བློའི་རྣམ་གཞག་དང་། དྲན་ཤེས་བཞིན་སོགས་ཀྱི་སྐོར་བགྲོ་གླེང་གནང་བ་ཁག་ཀྱང་འཁོད་ཡོད།

དེ་བཞིན་ ༢༠༡༧ དང་ ༢༠༡༨ ལོའི་ཨུ་རུ་སུའི་ཚན་རིག་མཁས་དབང་དང་ནང་པའི་མཁས་དབང་དབར་ “འཇིག་རྟེན་ཁམས་ལ་དཔྱད་པ་” ཞེས་པའི་བརྗོད་གཞིའི་ཐོག་བགྲོ་གླེང་གནང་བའི་སྐོར་དང་།  བགྲོ་གླིང་དེ་ནི་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ལྗགས་རྩོམ་མཛད་པ།  རྡུལ་ཕྲན་གཅིག་ཁོ་ནའི་སྟེང་གི་འཇིག་རྟེན། The Universe in a Single Atom  ཞེས་པ་དེར་གཞི་བཅོལ་འདུག  གསུང་རྩོམ་དེ་ཨུ་རུ་སུའི་སྐད་དུ་བསྒྱུར་ཡོད་པ་མ་ཟད། ཀློག་མཁན་མང་པོ་བྱུང་སྟབས་པར་ཐེངས་དང་པོ་རྫོགས་ཟིན་འདུག   མི་འགྱང་བར་རུ་སུའི་སྐུ་ཚབ་དོན་ཁང་དང་། བོད་སྐྱོབ་དགེ་རྩ་ཚོགས་ Save Tibet Foundation པས་པར་ཐེངས་གཉིས་པ་དེ་བཞིན་ཡུལ་དེའི་ནང་གི་ཤེས་ཡོན་པ་དང་། སློབ་ཕྲུག ཤེས་ཡོན་བསྟི་གནས་ཁང་། དཔེ་མཛོད་ཁང་སོགས་ལ་དམིགས་ཏེ་རིན་མེད་ཐོག་འགྲེམས་སྤེལ་བྱ་འཆར་ཡོད་པ་ཏེ་ལོ་རིན་པོ་ཆེ་མཆོག་གིས་གསུང་དོན།

ཨུ་རུ་སུའི་ཚན་རིག་མཁས་དབང་དང་ནང་པའི་མཁས་དབང་དབར་བགྲོ་གླེང་གནང་བ་དེ་སྤྱིར་བཏང་ཨུ་རུ་སུའི་མི་མང་ཁྲོད་གསར་པ་ལྟ་བུ་ཡིན་སྲིད། འོན་ཀྱང་ཨུ་རུ་སུའི་ཤེས་ཡོན་པ་ཁག་གཅིག་དེ་སྔ་སེམས་དང་སྲོག་གི་ཚོགས་པའི་གོ་སྒྲིག་གནང་བའི་བགྲོ་གླེང་ཐོག་མཉམ་ཞུགས་གནང་མྱོང་བ་མ་ཟད། ད་ལྟའི་ཆར་ཨུ་རུ་སུའི་ཚན་རིག་མཁས་དབང་དང་ནང་པའི་མཁས་དབང་དབར་ཐད་ཀར་བགྲོ་གླེང་གནང་ཐུབ་པ་བྱུང་ཡོད། ཅེས་དང་། མ་འོངས་པར་མུ་མཐུད་ཨུ་རུ་སུའི་ཚན་རིག་མཁས་དབང་དང་ནང་པའི་མཁས་དབང་དབར་ཤེས་ཡོན་བརྗེ་ལེན་དང་ཉམས་ཞིབ་ཀྱི་ལས་གཞི་ཁག་སྤེལ་འཆར་ཐད་མཉམ་འབྲེལ་བྱ་རྒྱུ་ཡིན་སྐོར་གསུངས།

 

 

 

 

 

Share with your friends










Submit