ཟླ་བ་ ༦ ཚེས ༡༣ ༢༠༡༨
Published By ngawang thokmey

༢༠༡༨ ཟླ་ ༦ ཚེས་ ༡༣ རེས་གཟའ་ལྷག་པ།

༄༅། །ཨ་རིའི་སྲིད་འཛིན་ཌོ་ནལ་ཊམ་ Trump མཆོག་དང་བྱང་ཀོ་རི་ཡའི་འགོ་ཁྲིད་ཀིམ་ཇོང་ Kim Jong-Un གཉིས་སིངྒ་པུར་ Singapore གྱི་གསོལ་མགྲོན་ཁང་ཞིག་ཏུ་མཇལ་འཕྲད་གནང་བ་བརྒྱུད་ཀོ་རི་ཡ་གླིང་ཕྲན་ཁྱོན་དུ་རྡུལ་ཕྲན་མཚོན་ཆ་རྩ་མེད་བཟོ་རྒྱུའི་ཐད་དགོངས་བཞེས་གནང་བར་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དགའ་བསུ་ཞུས་གནང་མཛད་དོན།

ཨ་རི་དང་བྱང་ཀོ་རི་ཡའི་དབུ་ཁྲིད་རྣམས་གཉིས་ཀྱིས་ཀོ་རི་ཡ་གླིང་ཕྲན་ཁྱོན་དུ་རྡུལ་ཕྲན་མཚོན་ཆ་རྩ་མེད་བཟོ་རྒྱུའི་ཕུགས་འདུན་བཅངས་ཏེ་ཕྱོགས་གཉིས་དབར་ཡུན་རིང་ལུས་པའི་མི་མཐུན་པའི་གནད་དོན་དེ་དག་གྲོས་མོལ་བརྒྱུད་སེལ་ཐབས་གནང་བར་ངོས་ཀྱིས་དགའ་བསུ་ཞུ་བཞིན་ཡོད།
མི་སྒེར་རམ་རྒྱལ་ཁབ་ཕན་ཚུན་དབར་མི་མཐུན་པའི་གནད་དོན་སེལ་རྒྱུའི་ཐབས་ལམ་ཉག་གཅིག་ནི་གྲོས་མོལ་གྱི་ཐབས་ལམ་ཁོ་ན་ཡིན་པར་ངོས་ཀྱིས་ཡིད་ཆེས་བྱེད་བཞིན་ཡོད།  ངོས་རང་ལ་མཚོན་ནའང་འཛམ་གླིང་ཁྱོན་དུ་དམག་འཐབ་སྤོང་ཞིང་ལྷག་པར་རྡུལ་ཕྲན་མཚོན་ཆ་རྩ་མེད་བཟོ་རྒྱུར་ཆོད་སེམས་བརྟན་པོས་ལས་འགུལ་སྤེལ་མཁན་ཞིག་ཡིན་སྟབས། ཐེངས་འདིར་ཀོ་རི་ཡ་གླིང་ཕྲན་ནང་ཞི་བདེ་བརྟན་ལྷིང་རྒྱུན་སྐྱོང་ཆེད་དབུ་ཁྲིད་རྣམས་གཉིས་སིངྒ་པུར་དུ་ལོ་རྒྱུས་རང་བཞིན་ལྡན་པའི་མཇལ་འཕྲད་དེར་སྙིང་ཐག་པ་ནས་དགའ་བསུ་ཞུ་བཞིན་ཡོད།
ཐེངས་འདིར་དབུ་ཁྲིད་རྣམ་གཉིས་ཀྱིས་གནང་ཕྱོགས་དེར་ངོས་ཀྱིས་བསྔགས་བརྗོད་ཞུ་རྒྱུ་དང་། དེ་ལ་བརྟེན་ནས་འཇིགས་སུ་རུང་བའི་རྡུལ་ཕྲན་མཚོན་ཆ་དེ་དག་འཛམ་གླིང་ཁྱོན་དུ་མིང་གི་ལྷག་མར་བཏང་སྟེ་ཞི་བདེའི་དཔལ་ཡོན་ལ་ཡུན་རིང་ལོངས་སུ་སྤྱོད་ཐུབ་པའི་རེ་སྨོན་ཞུ་རྒྱུ་ཡིན། ཞེས་འཁོད་འདུག་པ་བཅས།།

 

༼ གསུང་འཕྲིན་ངོ་མ་ཨིན་ཡིག་ནང་ཡོད་པ་ནས་འདི་ག་ཕྱི་དྲིལ་བོད་ཡིག་ཚན་པས་བོད་སྒྱུར་ཞུས་པས་ཨིན་ཡིག་ལ་རྩ་འཛིན་ཡོང་བ་ཞུ། ༽

Share with your friends










Submit