ཟླ་བ་ ༦ ཚེས ༡༢ ༢༠༡༨
Published By ngawang thokmey

༢༠༡༨ ཟླ་ ༦ ཚེས་ ༡༢ རེས་གཟའ་མིག་དམར།

༄༅། །འདི་གར་བྱང་ཨ་རི་སྐུ་ཚབ་དོན་ཁང་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༨ ཟླ ༦ ཚེས ༩ ཉིན་གྱི་ཆུ་ཚོད་ ༡༢ ཐོག་ནིའུ་ཡོག་ཇག་སེན་ཧ་ཡེཌ་Jackson Heights ཚོགས་ཁང་ཞིག་གི་ནང་། ནིའུ་ཡོག་དང་ནིའུ་འཇར་སི་བོད་ཡིག་སློབ་གྲྭའི་འཛིན་སྐྱོང་དང་ཕ་མའི་ཚོགས་ཆུང་བཅས་ནས་ཐུགས་འགན་གཙོ་བཞེས་ཀྱིས་མཛད་སྒོ་གོ་སྒྲིག་གནང་ཡོད།

དེ་ཡང་མཛད་སྒོའི་སྐུ་མགྲོན་གཙོ་བོ་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་དངོས་གྲུབ་ཚེ་རིང་མཆོག་ཆེད་ཕེབས་ཀྱིས་སློབ་ཕྲུག་དང་།  ཕ་མ། དགེ་རྒན་བཅས་ལ་གསུང་བཤད་གནང་དོན། ད་ལམ་དུས་ཚོད་ཐུང་ཐུང་ནང་སློབ་ཕྲུག་ཚོས་བོད་ཀྱི་ཞབས་བྲོ་ཡག་པོ་སྦྱངས་འདུག དགེ་རྒན་དང་སློབ་ཕྲུག་ཚོར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཕྲན་རང་རྒྱ་གར་ནས་ཨ་རི་དོན་གཅོད་ལས་ཁུར་ཞུ་བར་ཡོང་ཁར་༸གོང་ས༸སྐྱབས་མགོན་ཆེན་པོ་མཆོག་གིས་ཨ་རིའི་ནང་བོད་ཕྲུག་གཞོན་སྐྱེས་ཚོའི་བོད་ཀྱི་སྐད་ཡིག་དང་བོད་མིའི་ངོ་བོ་མ་བརླག་པར་ཤུགས་སྣོན་རྒྱག་དགོས་པའི་བཀའ་སློབ་ལམ་སྟོན་གནང་བ་ལྟར་ང་ཚོ་ཚང་མས་ཤུགས་རྒྱག་དགོས།

ལྷག་པར་ཕ་མ་ཚོས་ནང་དུ་བུ་ཕྲུག་མཉམ་བོད་སྐད་རྒྱག་བ་དང་།  བོད་ཕྲུག་ནང་ཁུལ་བོད་སྐད་ཤ་སྟག་རྒྱག་དགོས་པ་གལ་ཆེན་པོ་ཡིན།  སྐུ་ཚབ་དོན་གཅོད་ལས་ཁུངས་ནས་ཕྱི་ཟླ་ ༧ ནང་བོད་ཡིག་སློབ་གྲྭའི་དགེ་རྒན་རྣམས་ལ་ཟབ་སྦྱོང་འབུལ་འཆར་ཡོད།  བོད་ནང་བོད་མི་བཀྲ་ཤིས་དབང་ཕྱུག་སོགས་མང་པོས་སྐུ་ལས་སྐྱོན་བཞིན་ཡོད་པ་བཅས་བོད་ཕྱི་ནང་གཉིས་ནས་ཤུགས་རྒྱག་རྒྱུ་གལ་ཆེན་པོ་རེད།

དེ་རིང་འདིར་ཕ་མ་དང་མི་མང་གང་མང་ཕེབས་ཡོད་སྟབས་ཚང་མས་ཐུགས་བསམ་བཞེས་དགོས་པ་ཞིག་ནི། ང་ཚོས་དྲན་པ་རྗེད་མི་རུང་བ་གསུམ་ཡོད་པ་ནི། ༧གོང་ས་མཆོག་གི་བཀའ་དྲིན་རྗེད་མི་རུང་།  བོད་མིའི་སྒྲིག་འཛུགས་འདི་ང་ཚོའི་གཞུང་ཡིན་པ་རྗེད་མི་རུང་། སོ་སོ་བོད་པ་ཡིན་པ་རྗེད་མི་རུང་བཅས་གསུངས། ཡང་ཁོང་གིས་ས་གནས་སྤྱི་མཐུན་ཚོགས་པ་ནི་རྒྱ་གར་ནང་ས་གནས་འགོ་འཛིན་ལྟ་བུ་ཡིན་སྟབས། བོད་མིའི་སྒྲིག་འཛུགས་དང་བྱང་ཨ་རི་སྐུ་ཚབ་དོན་གཅོད་ནས་ལམ་སྟོན་ཇི་ཕེབས་ལྟར་གནང་དགོས། འདི་ལོའི་འཁྲུངས་སྐར་ཉིན་སྐབས་ ༡༦ པའི་ས་གནས་བོད་རིགས་སྤྱི་མཐུན་ཚོགས་པའི་རྒྱུན་ལས་འོས་བསྡུ་གནང་སྐབས་མང་ཚོགས་ནས་སྤྱི་བའི་ཐོག་སེམས་ཤུགས་དང་ལྷག་བསམ་ཡོད་པའི་མི་སྣ་དྲག་འདེམས་གནང་རྒྱུ་གལ་ཆེན་པོ་ཡིན་པའི་གསུང་བཤད་གནང་།

བོད་ཡིག་སློབ་གྲྭ་འདི་ཕྱི་ལོ་ ༡༩༩༦ ལོར་གསར་འཛུགས་བྱས་པ་དང་། ད་ལྟའི་སྐབས་སྔོན་འགྲོ་ནས་འཛིན་གྲྭ་དགུ་པ་བར་སློབ་ཕྲུག་གྲངས་ ༣༠༠ ལྷག་ཙམ་དང་། དགེ་རྒན ༣༣ ཡོད་པ་ནས་དང་བླངས་ ༤ ཡོད་པ་དང་། གཞན་ཡང་དམིགས་བསལ་འཛིན་གྲྭ་ཞེས་ནང་ཆོས་གོ་རྟོགས་སྤེལ་བའི་འཛིན་གྲྭ་ཞིག་ཟུར་དུ་འཚོགས་བཞིན་ཡོད།

ཕྱི་ཚེས་ ༡༠ ཉིན་གྱི་སྔ་དྲོ་ཆུ་ཚོད་༩ ནས་སྐུ་ཚབ་དོན་གཅོད་མཆོག་ས་གནས་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་ཁང་གསར་བཟོ་ལས་འཆར་གྲུབ་ལ་ཉེ་བའི་ཚོགས་ཁང་ལ་གཟིགས་ཞིབ་དང་། སྤྱི་མཐུན་ཚོགས་པའི་ཚོགས་གཙོ་ནོར་བུ་ལགས་ཀྱིས་བཟོ་བཅོས་ཀྱི་ལས་འཆར་སྐོར་ངོ་སྤྲོད་སྙིང་བསྡུས་སྙན་སེང་ཞུས་རྗེས་ཁེ་ན་ཌར་གནམ་ཐོག་ཕྱོགས་ཐོན་གནང་བ་བཅས། །

Share with your friends










Submit