ཟླ་བ་ ༦ ཚེས ༡༣ ༢༠༡༨
Published By ngawang thokmey

༢༠༡༨ ཟླ་ ༦ ཚེས་ ༡༣ རེས་གཟའ་ལྷག་པ།

༄༅། །ཕྱི་ལོ་ ༢༠༡༨ ཟླ་ ༦ ཚེས་ ༡༢ ཉིན་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་དང་།  བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་འཐུས་མི་རྣམ་པ་ཁེ་ན་ཌའི་ Canada གྲོས་ཚོགས་ཀྱི་ཕྱི་འབྲེལ་ལས་དོན་དང་རྒྱལ་སྤྱིའི་ཡར་རྒྱས་རྒྱུན་ལས་ཚོགས་ཆུང་ Standing Committee on Foreign Affairs and International Development གི་ཚོགས་ཁང་ཞིག་ཏུ་བོད་དོན་ཉན་ཞིབ་སྐབས་ད་ལྟའི་བོད་ནང་གི་དངོས་ཡོད་ཛ་དྲག་གནས་སྟངས་སྐོར་གསལ་བཤད་ཞིབ་ཕྲ་གནང་འདུག

སྐབས་དེར་ཉན་ཞིབ་གཙོ་སྐྱོང་བའི་དྲི་བ་རྣམས་ལ་དཔལ་ལྡན་སྲིད་སྐྱོང་མཆོག་གིས་ལན་འདེབས་མཐིལ་ཕྱིན་གནང་བ་མ་ཟད།  དེ་སྔ་བོད་རང་སྐྱོང་ལྗོངས་ནས་བོད་མིའི་སྐུ་ཚབ་ཏུ་རློམ་པའི་འཐུས་མི་ཁག་གཅིག་གིས་ཉན་ཞིབ་བྱེད་སྐབས་དོགས་པ་དང་སྐྱོན་བརྗོད་ཤུགས་ཆེ་བྱུང་ཡོད་སྟབས།  དཔལ་ལྡན་སྲིད་སྐྱོང་མཆོག་གིས།   “བོད་མི་ས་ཡ་དྲུག་གི་སྐུ་ཚབ་ངོ་མ་ང་ཚོ་ཡིན།  དེ་སྔའི་སྐུ་ཚབ་ཚོགས་ཆུང་དེ་ནི་བོད་ནང་དུ་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་མེད་རྡོག་རོལ་ཇི་ཙམ་གཏོང་བཞིན་ཡོད་པ་རྣམས་སྦ་གསང་བྱ་རྒྱུའི་ལག་ཆ་རེད། ” ཅེས་གསུངས།

ཕྱོགས་མཚུངས་རང་དབང་ཁང་པའི་སྙན་ཐོར་འཛམ་གླིང་ནང་དམ་བསྒྲགས་ཆེ་ཤོས་ཀྱི་ས་ཁུལ་ཨང་དང་པོ་སི་རི་ཡ་ Syria དང་།  གཉིས་པ་བོད་ཡིན་སྐོར་དང་།   དེ་བཞིན་རྒྱལ་མཚམས་མེད་པའི་གསར་འགོད་མཐུན་ཚོགས་ Reporters without Borders སོགས་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་རྟོག་ཞིབ་ཚོགས་པ་ཁག་གིས་བཏོན་པའི་སྙན་ཐོ་སོགས་ལུང་འདྲེན་གནང་ནས་བོད་ནང་གི་ཛ་དྲག་གནས་སྟངས་སྐོར་གསུངས།

དེ་བཞིན་སྐབས་དེར་སྲིད་སྐྱོང་མཆོག་གིས། “རྒྱ་ནག་དང་འབྲེལ་བ་བྱེད་སྐབས་འདམ་ཁ་གཉིས་ལས་མེད། ཡང་ན་རྒྱ་ནག་ནང་བཟང་ཕྱོགས་ཀྱི་འགྱུར་བ་གཏོང་རྒྱུ་དང་། དེ་མིན་རང་ཉིད་རྒྱ་ནག་ལྟ་བུར་འགྱུར་རྒྱུ་རེད།” ཅེས་གསུངས།

ཉན་ཞིབ་སྐབས་ཁེ་ན་ཌས་བོད་ནང་ད་བར་རྒྱབ་སྐྱོར་དང་མཐུན་འགྱུར་རོགས་རམ་ཇི་ཙམ་གནང་བ་དང་།  རྒྱ་ནག་གཞུང་གིས་ཁེ་ན་ཌའི་གཞུང་འབྲེལ་མི་སྣ་བོད་དུ་རྟོག་ཞིབ་འགྲོ་རྒྱུར་ཆོག་མཆན་མ་སྤྲད་པའི་སྐོར།  དེ་བཞིན་ཉེ་ལམ་བོད་མི་བཀྲ་ཤིས་དབང་ཕྱུག་ལགས་ལ་རྒྱ་ནག་གཞུང་གིས་དྲང་བདེན་མིན་པའི་ཁྲིམས་ཐག་བཅད་པའི་གནད་དོན་དང་། བོད་བརྒྱུད་ནང་བསྟན་གྱི་བླ་སྤྲུལ་ཡང་སྲིད་རྩད་གཅོད་བྱ་རྒྱུའི་སྲོལ་རྒྱུན་གྱི་བདག་དབང་སུ་ལ་ཡོད་མེད། གསེར་རྟ་བླ་རུང་སྒར་དང་ཡ་ཆེན་སྒར་ལྟ་བུ་འཛམ་གླིང་ནང་གི་བོད་བརྒྱུད་ནང་བསྟན་སློབ་གཉེར་གནང་ཡུལ་བསྟི་གནས་ཁང་ཆེ་ཤོས་ཡིན་པ་དེ་དག་གཏོར་བཤིག་དང་གྲྭ་བཙུན་གྱི་ཤག་རྣམས་གཏོར་བཤིག་བཏང་བ་མ་ཟད། དགེ་བཙུན་ཞལ་གྲངས་ཚད་བཀག་བཟོ་བཞིན་ཡོད་པ་རྣམས་གསལ་བཤད་གནང་འདུག 

དེ་བཞིན་བོད་མི་རྣམས་ཀྱིས་བོད་རང་བཙན་མ་རྩོད་པར་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ནང་གསལ་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་གི་གནས་བབ་ཚད་ལྡན་ཞིག་ཐོབ་ཐབས་བྱེད་བཞིན་པའི་སྐོར་གསུངས།

དེ་ཡང་སྲིད་སྐྱོང་མཆོག་གིས། “ཚོང་ཁེ་དང་བཟང་སྤྱོད་ཟུང་འབྲེལ་ཐོག་འགྲོ་དགོས་པ་ལས་ཚོང་ཁེའི་ཆེད་བཟང་སྤྱོད་དོར་མི་རུང་། “ཞེས་གསུངས། 

གྲོས་ཚོགས་འཐུས་མི་སྐུ་ཞབས་ཨ་རིབ་ཝི་ར་ནི་མཆོགArif Virani

སྤྱིར་ཐེངས་འདིར་སྲིད་སྐྱོང་མཆོག་ཁེ་ན་ཌའི་གྲོང་ཁྱེར་ཨོ་ཊ་ཝར་Ottawa ཐུགས་རྗེ་ཆེ་ཞུའི་ལས་འགུལ་ Thank you Canada  ནང་མཉམ་ཞུགས་གནང་ཆེད་ཕེབས་ཡོད། །

སྐུ་ཞབས་ཇེ་རཌ་ཇི་ནི་ཡ་སི་མཆོག MP Garnett Genuis

 

 

Share with your friends










Submit