ཟླ་བ་ ༦ ཚེས ༡༤ ༢༠༡༨
Published By ngawang thokmey

༢༠༡༨ ཟླ་ ༦ ཚེས་ ༡༤ རེས་གཟའ་ཕུར་བུ།

༄༅། །ཕྱི་ལོ་ ༢༠༡༨ ཟླ་ ༦ ཚེས་ ༡༤ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ལི་ཐུ་ཝི་ཡ་ནའི་མི་མང་རྣམས་ལ་བདེ་སྐྱིད་ཀྱི་ཐབས་ལམ་ The Art of Happiness སྐོར་ལ་བཀའ་སློབ་སྩལ་ཡོད། 

སྐབས་དེར་བོད་ཀྱི་རྒྱལ་དར་ལག་ཏུ་བཟུང་མཁན་ཚོགས་བཅར་བ་རྣམས་ལ་ཐུགས་ཞིིབ་མཛད་རྗེས་བཀའ་སློབ་སྩལ་དོན།  ཁྱེད་རང་ཚོའི་ཁྲོད་འགའ་ཤས་ཀྱིས་ལག་ཏུ་བོད་ཀྱི་རྒྱལ་དར་འཛིན་འདུག  ངོས་ཀྱིས་བསྔགས་བརྗོད་ཞུ་རྒྱུ་ཡིན།   དེའི་སྐོར་ངོས་ལ་གནས་ཚུལ་ཞིག་བཤད་རྒྱུ་ཡོད།  དེང་སྐབས་རྒྱ་ནག་ས་གནས་དམར་ཤོག་དཔོན་རིགས་བློ་གུ་དོག་པོ་དེ་འདྲ་འགའ་ཤས་ཀྱིས་བོད་ཀྱི་རྒྱལ་དར་འཁྱེར་རྒྱུར་དམ་བསྒྲགས་ཤུགས་ཆེ་བྱེད་བཞིན་ཡོད། ངོས་ཀྱིས་དཔོན་རིགས་དེ་ཚོར་གསལ་བཤད་འདི་ལྟར་བྱེད་རྒྱུ་ཡིན།

ཕྱི་ལོ་ ༡༩༥༤།༡༩༥༥ ལོར་ངོས་རང་རྒྱ་ནག་པེ་ཅིང་དུ་ཡོད་སྐབས་མའོ་ཙེ་ཏུང་དང་ཐེངས་འགའ་ཤས་མཇལ་རྒྱུ་བྱུང་།  དེ་ནས་རིམ་བཞིན་མའོ་དང་ངོས་གཉིས་དབར་ཕ་བུའི་འབྲེལ་བ་ལྟ་བུ་ཆགས་ནས་མའོ་ཙེ་ཏུང་གིས་ངོས་ལ་བྱམས་སྐྱོང་ཧ་ཅང་གནང་བྱུང་།  ཉིན་གཅིག་ཁོང་གིས་ “ཁྱེད་ཚོར་རྒྱལ་དར་ཡོད་དམ། ” ཞེས་འདྲི་སྐབས་ངོས་ཀྱིས་ “བོད་ལ་རྒྱལ་དར་ཡོད།” ཅེས་ཞུས་པ་ཡིན། དེ་ནས་མའོ་ཡིས་རྒྱལ་དར་དེ་ངེས་པར་དུ་རྒྱ་ནག་གི་རྒྱལ་དར་དང་ལྷན་བསྒྲེངས་འཛུགས་དགོས་པའི་ལམ་སྟོན་གནང་བྱུང་།   དེར་བརྟེན་མའོ་ཙེ་ཏུང་རང་གིས་ངོས་ལ་བོད་ཀྱི་རྒྱལ་དར་བསྒྲེངས་འཛུགས་ཆོག་པའི་ཆོག་མཆན་གནང་བ་རེད།  གལ་ཏེ་རྒྱ་ནག་དཔོན་རིགས་ཚོས་ཁྱེད་ཚོར་བོད་ཀྱི་རྒྱལ་དར་འཁྱེར་བ་དེར་སྐྱོན་བརྗོད་བྱས་ཚེ་ཁྱེད་ཚོས་ “མའོ་ཙེ་ཏུང་གིས་ཏཱ་ལའི་བླ་མར་བོད་ཀྱི་རྒྱལ་དར་བསྒྲེངས་འཛུགས་ཆོག་པའི་ཆོག་མཆན་གནང་བ་རེད། ཅེས་ལན་འདེབས་བྱོས། ” ཞེས་ཞལ་ཤོབ་དང་སྦྲགས་བཀའ་སློབ་སྩལ། །

 

Share with your friends










Submit