ཟླ་བ་ ༦ ཚེས ༡༣ ༢༠༡༨
Published By ngawang thokmey

༢༠༡༨ ཟླ་ ༦ ཚེས་ ༡༡ རེས་གཟའ་ཟླ་བ།

༄༅། །བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་དབུ་ཁྲིད་པའི་སྐབས་བཅོ་ལྔ་པའི་བཀའ་ཤག་གིས་ལས་ཁུར་ཞུས་ནས་ད་ཆ་ལོ་གཉིས་ཧྲིལ་པོ་འཁོར་བར་བརྟེན། ནང་སྲིད་བཀའ་བློན་འཁོར་ལྷ་ཚང་བསོད་ནམས་སྟོབས་རྒྱལ་མཆོག་ལ་ནང་སྲིད་ལས་ཁུངས་ཀྱིས་ལོ་གཉིས་ནང་ལས་དོན་གང་ཅིར་དམིགས་ཡུལ་དང་གྲུབ་འབྲས།  མ་འོངས་འཆར་སྣང་དང་གདོང་ལེན་གནང་དགོས་པའི་གནད་དོན་སོགས་དང་འབྲེལ་ནས་འདི་ག་ཕྱི་དྲིལ་བོད་ཀྱི་བརྙན་འཕྲིན་ཚན་པའི་གསར་འགོད་པ་བསྟན་འཛིན་དབང་ཕྱུག་ལགས་ཀྱིས་བཅར་འདྲི་ཞུས་པ་ཁག་གཤམ་གསལ།

 གསར་འགོད་པས།  ཐོག་མར་བོད་མིའི་སྒྲིག་འཛུགས་ནང་སྲིད་བཀའ་བློན་འཁོར་ལྷ་ཚང་བསོད་ནམས་སྟོབས་རྒྱལ་མཆོག་གིས་ཕྱི་དྲིལ་བོད་ཀྱི་བརྙན་འཕྲིན་བཅར་འདྲིར་དང་ལེན་གནང་བར་ཐུགས་རྗེ་ཆེ་ཞུ་ཡིན།  ནང་སྲིད་ལས་ཁུངས་ཀྱི་ལས་དོན་གལ་ཆེ་ཤོས་གཞིས་ཆགས་ཁག་སྲ་བརྟན་བཟོ་རྒྱུ་དང་།  བཙན་བྱོལ་བོད་མི་སྤྱིའི་བདེ་དོན་ལ་གཟིགས་ཞིབ་གནང་རྒྱུ་ཆགས་ཡོད།  དེར་བརྟེན་འདས་པའི་ལོ་གཉིས་ནང་སྤྱི་ཡོངས་ཀྱི་ཆ་ནས་ལས་དོན་གྲུབ་འབྲས་ཐོན་པ་གང་བྱུང་ཡོད་དམ། 

ནང་སྲིད་བཀའ་བློན་མཆོག་གིས།    གཞིས་ཆགས་སྲ་བརྟན་གནས་རྒྱུ་དེ་བཀའ་ཤག་སྐབས་ ༡༤ དང་ ༡༥ དགོངས་པར་ཡོད་པ་ཞིག་རེད། དཔེར་ན། བཀའ་ཤག་སྐབས་ ༡༥ སྐབས་འདིར་ལྔ་དང་ལྔ་བཅུའི་འཆར་སྣང་ཞེས་སྲིད་བྱུས་གཏན་འབེབས་བཟོས་གནང་ཡོད།  རྒྱ་གར་གྱི་ས་ཐོག་ཏུ་འཚོ་བཞིན་པའི་བཙན་བྱོལ་བོད་མིའི་གནས་སྟངས་དེ་རིམ་པ་གཉིས་སུ་དབྱེ་ཆོག    བོད་ཀྱི་གནས་བབ་འགྱུར་བ་མ་ཕྱིན་བར་དུ་རྒྱ་གར་གཞུང་གིས་བཙན་བྱོལ་བོད་མི་རྣམས་ལ་ས་ཆ་གཡར་བའི་རིམ་པ་ཞིག་དང་། ཚོགས་པ་སོ་སོས་མངའ་སྡེའི་གཞུང་ནང་ཁྲིམས་མཐུན་གྱི་དེབ་སྐྱེལ་འོག་ས་ཉོས་པའི་རིམ་པ་བཅས་གཉིས་ཡོད།   རྒྱ་གར་བྱང་ཕྱོགས་ཁུལ་ལ་ཡོད་པའི་སྦིར་དང་སྤོན་ཊ་གཞིས་ཆགས་སོགས་ཚོགས་པ་སོ་སོའི་མིང་ཐོག་ནས་ཉོས་པའི་ས་ཆ་ཆགས་ཡོད།  བོད་པའི་གཞིས་ཆགས་རྒྱ་ཆེ་བ་ལྷོ་ཕྱོགས་དང་བྱང་ཤར་གསུམ།  དབུས་གཞིས་ཆགས་ཨོ་རི་ས་དང་མན་སྤར་གཞིས་ཆགས་སོགས་ཀྱི་ས་ཆ་རྣམས་རྒྱ་གར་གཞུང་གིས་བོད་མི་ཚོར་བོགས་གཏོང་ lease གནང་བ་ཆགས་ཡོད།

ཚོགས་པ་སོ་སོས་ཉོས་པའི་ས་ཆ་དེ་དག་བེད་སྤྱོད་ཚད་ལྡན་ཞིག་བྱེད་ཐུབ་པ་ཡིན་ན། ས་ཆ་དེ་དག་གི་བདག་དབང་ལ་རྩོད་ལེན་གྱི་དཀའ་ངལ་གང་ཡང་མེད། རྒྱ་གར་གཞུང་གིས་བོད་མིའི་གཞིས་ཆགས་ཁག་ལ་གཡར་བའི་ས་ཆ་ཁག་གི་བདག་དབང་ཡོངས་སུ་རྫོགས་པ་མངའ་སྡེ་སོ་སོའི་གཞུང་ལ་ཡོད།  འདས་པའི་ལོ་ངོ་ ༦༠ རིང་རྒྱ་གར་གཞུང་གིས་བོད་པའི་གཞིས་ཆགས་ཁག་ལ་བོགས་གཏོང་ས་ཆའི་ཐོག་ཁྲིམས་ཀྱི་རྙོག་གྲ་བྱུང་མེད།   གལ་ཏེ་ཁྲིམས་ཀྱི་རྙོག་གྲ་བྱུང་བ་ཡིན་ན། ང་ཚོར་ཁྲིམས་མཐུན་གྱི་ཡིག་ཆ་ཚད་ལྡན་ཞིག་རྩ་བ་ནས་མེད།  མ་འོངས་པར་ང་ཚོ་རྒྱ་གར་ནང་ཡུན་རིང་སྡོད་དགོས་བྱུང་བ་ཡིན་ན།  ད་ལྟ་ང་ཚོ་གནས་བཞིན་པའི་ས་ཆ་དེ་དག་ཁྲིམས་མཐུན་བཟོ་དགོས་འདུག  ཅེས་ཕྱི་ལོ་ ༢༠༡༢།༢༠༡༣ ལོར་ནང་སྲིད་བཀའ་བློན་རྒྱ་རི་སྒྲོལ་མ་ཡིིན་པའི་སྐབས་ང་ཚོས་བསམ་བློ་བཏང་བ་ཡིན།  ང་ཚོས་རྒྱ་གར་གཞུང་ལ་སྔ་ཕྱི་ཞུ་གཏུག་བྱས་མཐར་རྒྱ་གར་དབུས་གཞུང་གིས་ང་ཚོས་ཕུལ་བའི་ཞུ་གཏུག་ཡི་གེ་ཁག་ལ་ཞིབ་འཇུག་གནང་བ་བརྒྱུད་ཕྱི་ལོ་ ༢༠༡༤ ཟླ་ ༡༠ ཚེས་ ༢༠ ཉིན་རྒྱ་གར་ནང་སྲིད་ལས་ཁུངས་ནས་བཙན་བྱོལ་བོད་མིར་མཐུན་རྐྱེན་སྦྱོར་སྤྲོད་བྱེད་ཕྱོགས་ཀྱི་སྲིད་བྱུས་ ༢༠༡༤   “Tibetan Rehabilitation Policy 2014” ཞེས་པ་གཏན་འབེབས་གནང་བ་རེད།

གཞིས་ཆགས་ཁག་གི་ས་ཆ་དེ་དག་ཁྲིམས་མཐུན་བཟོ་བར་གཞིས་ཆགས་ཁག་ནང་ས་ཐོ་ལག་འཛིན་ Record of Tenancy Certificate དེབ་སྐྱེལ་ཞུས་དང་ཞུ་མུས་རེད།  ལྷོ་ཕྱོགས་གཞིས་ཆགས་ཁག་གི་ནང་ཆ་ཚང་ལག་ལེན་ཁེལ་ཡོད། ཕྱོགས་མཚུངས་རྒྱ་གར་བྱང་ཕྱོགས་ཨུཏྟར་ཁཎྜ་ Uttarkhand མངའ་སྡེར་མཚོན་ནའང་སྲིད་བྱུས་དེ་ལག་བསྟར་གནང་རྒྱུའི་ཆེད་ཕྱག་ལས་གནང་མུས་རེད། 

གསར་འགོད་པས།   བོད་ནས་རྒྱ་གར་དུ་གསར་དུ་འབྱོར་བའི་བོད་མི་ཚོར་མཚོན་ན་གཞིས་མི་སྤྱི་བྱིངས་ལྟར་གཞིས་ཁང་གི་ཐོབ་ཐང་སོགས་མེད།  དེར་བརྟེན་འདས་པའི་ལོ་གཉིས་ནང་བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ཀྱིས་ཁོང་ཚོའི་ཆེད་དུ་རམ་འདེགས་གང་གནང་ཡོད། 

ནང་སྲིད་བཀའ་བློན་མཆོག་གིས།   གཞིས་ཆགས་ཀྱི་ཐོབ་ཐང་གནང་རོགས།  ཞེས་ང་ཚོར་ད་བར་སྙན་ཞུ་འབུལ་མཁན་ཁྱིམ་ཚང་ ༡༦༠༠ ཙམ་བྱུང་ཡོད།  ང་ཚོས་གྲངས་ཐོ་དེར་ཞིབ་འཇུག་བྱས་ཏེ་ཆ་རྐྱེན་གཏན་འབེབས་ངེས་པར་བྱ་རྒྱུ་ཡིན། རོགས་ཚོགས་ནས་རོགས་དངུལ་ཧིན་སྒོར་བྱེ་བ་བརྒྱད་ལྷག་གནང་བར་བརྟེན་ང་ཚོས་དེ་སྔ་སྦིར་ཁུལ་ལ་བོད་ནས་ཡོང་མཁན་ཚོར་སྡོད་ཁང་བརྒྱབ་ཐུབ་ཡོད།  དེ་བཞིན་ལྷོ་ཕྱོགས་བདེ་སྐྱིད་སླར་གསོ་དང་ལུགས་ཟུང་བསམ་གྲུབ་གླིང་དུ་ཁྱིམ་ཚང་ ༦༠ ལ་སྡོད་ཁང་གསར་སྐྲུན་གནང་ཟིན་པ་དང་། ལྷག་མ་ཁྱིམ་ཚང་ ༢༠ ལ་སྡོད་ཁང་གསར་སྐྲུན་གནང་མུས་ཡིན།  ཕྱོགས་མཚུངས་མོན་གྷོ་འདོད་རྒུ་གླིང་དུ་བོད་ནས་གསར་དུ་འབྱོར་བ་རྣམས་ལ་སྡོད་ཁང་ ༦༠ གསར་རྒྱག་གནང་རྒྱུའི་འཆར་གཞི་ཡོད། 

 གསར་འགོད་པས། བལ་ཡུལ་དང་འབྲུག་ནང་སྡོད་མཁན་བོད་མི་རྣམས་ལ་ནང་སྲིད་ལས་ཁུངས་ཀྱི་ལས་དོན་དང་འབྲེལ་བའི་ཐོག་ནས་གཟིགས་སྐྱོང་ཇི་ཙམ་གནང་ཐུབ་ཡོད་དམ། ལྷག་པར་འདས་པའི་ལོ་གཉིས་ནང་ལས་དོན་ཇི་ཙམ་བསྒྲུབ་ཐུབ་ཡོད་དམ། 

ནང་སྲིད་བཀའ་བློན་མཆོག་གིས།   སྤྱིར་བལ་ཡུལ་དང་འབྲུག་གཉིས་ཀྱི་ཆབ་སྲིད་གནས་སྟངས་ཞུ་ཚོད་ཐིག་ཁག་པོ་རེད། བལ་ཡུལ་གྱི་གནས་སྟངས་ནི་ཚང་མས་མཁྱེན་གསལ་རེད། རྒྱས་བཤད་དགོས་མཁོ་ཆེར་མེད།  ང་ཚོས་ངོས་ནས་བལ་འབྲུག་བོད་མི་རྣམས་ལ་གང་ཐུབ་གནང་ཐབས་བྱས་ཀྱང་ཐོག་མའི་རེ་བ་དང་དམིགས་ཡུལ་བཞིན་དོན་དངོས་ལག་ལེན་ཇི་ཙམ་འཁེལ་ཐུབ་མིན་ཐད་ཁྲིམས་སྒྲིག་འགྲོ་སྟངས་སོགས་གང་ཅིའི་གནས་སྟངས་མང་པོ་ཞིག་གི་ཐོག་ནས་རང་བཞིན་གྱིས་དཀའ་ངལ་འཕྲད་པའི་གནས་སྟངས་ཤིག་བྱུང་ཡོད། 

འོན་ཀྱང་དཀའ་ངལ་འཕྲད་མིན་ལ་མ་ལྟོས་པར། དཔེར་ན། འབྲུག་ནང་མཚོན་ན་ང་ཚོས་གཞུང་དང་ཐད་ཀར་འབྲེལ་བ་བྱས་ནས།  དངུལ་སོགས་ཀྱི་རོགས་རམ་གནང་རོགས་ཞེས་ཞུ་ཐབས་མེད་ཀྱང་།  ས་གནས་སུ་བ་ཕྱུགས་གསོ་སྐྱོང་རིགས་དར་སྲོལ་ཆེན་པོ་ཡོད་འདུག དེར་བརྟེན་འབྲུག་ཁུལ་གནས་སྡོད་བོད་མིའི་ཁྲོད་བ་ཕྱུགས་གསོ་སྐྱོང་བྱ་འདོད་ཤུགས་ཆེ་ཡོད་ནའང་ཆ་རྐྱེན་མ་ཚང་བ་རྣམས་ལ་དངོས་ཤུགས་བརྒྱུད་གསུམ་ནས་ཐབས་ལམ་བཙལ་ནས་བུ་ལོན་གཡར་རྒྱུའི་ལས་གཞི་ཕྲན་བུ་འགོ་བཙུགས་པ་ཙམ་མ་གཏོགས་ཧ་ཅང་རྒྱ་ཆེན་པོ་གང་ཡང་བྱེད་ཐུབ་ཀྱི་མེད།

དེ་བཞིན་བལ་ཡུལ་ནང་ལ་མཚོན་ནའང་། འདས་པའི་གནས་སྟངས་ཐོག་ནས་དངུལ་གཏོང་རྒྱུ་ཡོད་པ་ཡིན་ནའང་གཏོང་སྟངས་སོགས་ཀྱི་ཐོག་ཁྲིམས་ཀྱི་དཀའ་ངལ་མང་པོ་ཞིག་འཕྲད་ཀྱི་ཡོད། འོན་ཀྱང་བཀའ་ཤག་སྐབས་ ༡༤ པའི་དུས་ཡུན་རིང་གང་ཙམ་ཕྱག་ལེན་འཁེལ་ཡོད། བཀའ་ཤག་སྐབས་  ༡༥ པར་ཆ་བཞག་ན། ཨ་རི་སྲིད་གཞུང་གིས་བཙན་བྱོལ་བོད་མིའི་སླད་རོགས་དངུལ་འབྱོར་བ་དེའི་བརྒྱ་ཆ་ ༢༠ ཙམ་བལ་ཡུལ་ནང་རོགས་སྐྱོར་བྱེད་རྒྱུའི་དགོངས་གཞི་ཡོད།  དེ་འབྲེལ་གནད་དོན་ཐོག་ཉེ་ཆར་ང་དང་འཆར་འགོད་འགན་འཛིན་བལ་ཡུལ་ནང་འཁྱུག་ཙམ་རིང་སྐོར་སྐྱོད་དུ་ཕྱིན་ཏེ་བལ་ཡུལ་ནང་ཕུགས་རྒྱང་རིང་པོར་གཞིས་ཆགས་འཚོ་གནས་ཐུབ་རྒྱུའི་ལས་གཞི་ང་ཚོས་ཐུབ་པ་གང་འདུག་རྟོག་ཞིབ་ཀྱིས་བཀའ་ཤག་ལ་འཆར་གཞི་ཁག་ཕུལ་ནས་རིམ་པས་ལས་ཁུངས་སུ་དང་འབྲེལ་བ་ཆགས་ཀྱི་ཡོད་ནའང་ལག་ལེན་བསྟར་རྒྱུའི་གནས་སྟངས་ཤིག་ཆགས་ཡོད། 

བོད་མིའི་སྒྲིག་འཛུགས་ངོས་ནས་ས་གནས་འདི་གཉིས་ ༼ འབྲུག བལ་ཡུལ་༽ནང་ཡོད་པའི་བོད་མི་ཚོ་ལ་གང་ས་ཅི་ཐད་ནས་རོགས་པ་བྱ་རྒྱུའི་དགོངས་བཞེས་གནང་བཞིན་ཡོད་ཀྱང་གནས་སྟངས་ཤིག་གི་དབང་གིས་བསམ་བློའི་ནང་བསམས་པ་ལྟར་ས་གནས་སུ་ལག་བསྟར་མ་ཐུབ་པའི་གནས་སྟངས་དེ་འདྲ་བྱུང་ཡོད།

གསར་འགོད་པས།  བཀའ་ཤག་སྐབས་ ༡༥ དམ་འབུལ་མཛད་འགན་བཞེས་ནས་ལོ་ངོ་གཉིས་ཧྲིལ་པོ་འཁོར་ཡོད།  འབྱུང་འགྱུར་ལོ་གསུམ་རིང་བཀའ་ཤག་གི་སྔ་དང་ལྔ་བཅུའི་འཆར་སྣང་དགོངས་དོན་ལྟར་ནང་སྲིད་ལས་ཁུངས་དང་འབྲེལ་བའི་ལས་དོན་གལ་ཆེ་རིགས་སྒྲུབ་དགོས་པ་གང་ཡོད་དམ།

ནང་སྲིད་བཀའ་བློན་མཆོག་གིས།  སྤྱིར་ལོ་གཉིས་ནང་ང་ཚོས་བྱ་རྒྱུའི་ལས་འཆར་མང་པོ་ཞིག་བང་བསྒྲིགས་ཡོད། དཔེར་ན། རྒྱ་གར་གཞུང་གིས་གཏན་འབེབས་གནང་བའི་སྲིད་བྱུས་ནང་ལ་མཚོན་ན། འབྲས་ལྗོངས་དང་། ཨ་རུ་ནཱ་ཅལ་མངའ་སྡེའི་ནང་བོད་མི་གང་མང་ཡོད། ཕྱི་ལོ་ ༢༠༡༥ ཕྱི་ཟླ་ ༡༡ ནང་རྒྱལ་ས་ཨི་ཊ་ན་གར་ Itanagar དུ་ཕྱིན་ནས་རྒྱ་གར་བྱང་ཤར་ཁུལ་གྱི་མངའ་སྡེའི་སྤྱི་ཁྱབ་བློན་མཆོག་དང་མཇལ་འཕྲད་ཞུས་ཏེ་རྒྱ་གར་གཞུང་གིས་གཏན་འབེབས་གནང་བའི་སྲིད་བྱུས་འདི་འབྲེལ་ཡོད་མངའ་གཞུང་ནས་གཏན་འབེབས་གནང་དགོས་པའི་རྒྱབ་ལྗོངས་དགོས་པ་རྒྱུ་མཚན་གང་ཡིན་པ་དང་། ང་ཚོས་རྒྱ་གར་གཞུང་ལ་འབོད་སྐུལ་ཞུ་དགོས་པའི་རྒྱབ་ལྗོངས་དང་གནད་འགག་གང་ཆགས་ཡོད་པ་དེ་དག་ཚང་མ་སྙན་སེང་ཞུས་པར་སྤྱི་ཁྱབ་བློན་ཆེན་མཆོག་གིས་འཚོར་སྣང་ཆེན་པོའི་ཐོག་ནས་སྤྱི་ཁྱབ་དྲུང་ཆེ་ཆེད་མངགས་བཀའ་འགུགས་གནང་ནས་ང་ཚོ་ཡོད་སར་དོན་ཚན་རེ་རེ་བཞིན་བཀོད་སྒྲིག་གནང་སྟེ་དུས་ཚོད་ནང་ཁུལ་ཚར་དགོས་ཀྱི་ཡོད།  ཅེས་ཧ་ཅང་ཚ་ནན་ཐོག་བཀའ་བསྒོས་གནང་སོང་། 

གཞུང་འབྲེལ་ཕྱག་ལས་གནང་རྒྱུ་འགོ་འཛུགས་ཡོང་སྐབས་ཨ་རུ་ནཱ་ཅལ་མངའ་སྡེའི་ནང་ངོ་རྒོལ་བྱེད་མཁན་དང་གཞུང་གི་ལས་ཀ་འགོ་བཙུགས་པ་དེ་མ་འགྲིག་པ་རེད།  ཅེས་ངོ་རྒོལ་བྱེད་མཁན་སློབ་ཕྲུག་མཐུན་ཚོགས་མང་པོ་ཡོད་པ་དེ་འདྲས་ངོ་སྒོལ་སྤེལ་བ་ཕྲན་བུ་བྱུང་ཡོད།  དེ་ཚོའི་རིགས་ནི་སློབ་ཕྲུག་ཉུང་ཤས་ཡིན་པ་མ་གཏོགས་ཨ་རུ་ནཱ་ཅལ་ནང་གི་སློབ་གྲྭ་མང་པོ་ཡོད་པ་དེ་དག་གི་སློབ་ཕྲུག་ཚང་མ་མ་རེད། 

ཨ་རུ་ནཱ་ཅལ་མངའ་སྡེའི་གྲོས་ཚོགས་མ་ཚོགས་གོང་གྲོས་ཚོགས་ཀྱི་འཐུས་མི་གང་ཙམ་དང་འབྲེལ་བ་བྱས་ནས་གྲོས་ཚོགས་ནང་གནས་སྟངས་གསལ་བཤད་གང་ཐུབ་གནང་ཐུབ་ཚེ། མང་པོ་ཞིག་ལ་གནས་ཚུལ་ངོ་མ་ཇི་ཡིན་གསལ་རྟོགས་ཐུབ་རྒྱུར་ཁྱད་པར་ཡོང་གི་འདུག  ཅེས་ང་ཚོས་འབྲེལ་བ་མང་པོ་ཞུས་པ་ནས་བཟུང་ས་གནས་ཀྱི་གྲོས་ཚོགས་འཐུས་མི་རྣམ་པས་ཧ་ཅང་ཐུགས་ཁུར་ཆེན་པོ་གནང་ནས་གྲོས་ཚོགས་ནང་བཀའ་མོལ་ཧ་ཅང་ཡག་པོ་གནང་བའི་རྒྱུ་མཚན་ལ་བརྟེན་ནས་ལས་གཞི་འདི་ཉིད་༼ བཙན་བྱོལ་བོད་མིར་མཐུན་རྐྱེན་སྦྱོར་སྤྲོད་བྱེད་ཕྱོགས་ཀྱི་སྲིད་བྱུས་ ༢༠༡༤  ༽ འགྲོ་མུས་ཡིན། 

འབྲས་ལྗོངས་བློན་ཆེན་མཆོག་ལ་མཇལ་འཕྲད་ཞུ་རྒྱུའི་དུས་ཚོད་ཐེངས་མང་པོ་ཞུས་ཀྱང་མཛད་བྲེལ་གྱིས་རྐྱེན་པས་མཇལ་མ་ཐུབ།  འོན་ཀྱང་ཕྱི་ཟླ་ ༡ ཚེས་ ༤  ཉིན་ཁོང་གི་གཟིམ་ཁང་དུ་མཇལ་འཕྲད་ཞུས་ཏེ་གནས་སྟངས་ཡོངས་རྫོགས་གསལ་བཤད་ཞུས་རྗེས་ད་ཆ་སྲིད་བྱུས་དེ་ཉིད་ ༼ བཙན་བྱོལ་བོད་མིར་མཐུན་རྐྱེན་སྦྱོར་སྤྲོད་བྱེད་ཕྱོགས་ཀྱི་སྲིད་བྱུས་ ༢༠༡༤  ༽ དངོས་སུ་ལག་བསྟར་གནང་རྒྱུར་གཏན་འཁེལ་ཆ་ཚང་ཟིན་ཡོད།

གཞན་ཡང་ར་ཝང་ལ་ཀུན་ཕན་གླིང་བོད་མིའི་གཞིས་ཆགས་ཀྱི་དཀྱིལ་དུ་འབྲས་ལྗོངས་གཞུང་གིས་སྣུམ་འཁོར་འགྲོ་སའི་གཞུང་ལམ་ National Highway བཟོ་རྒྱུའི་ཐིག་ཚད་གཞིས་ཆགས་ཀྱི་ས་ཆའི་ནང་ཚུད་ནས་ལོ་མང་པོ་ཕྱིན་པ་རེད།  གཞུང་ལམ་བཟོ་རྒྱུ་དངོས་སུ་འགོ་འཛུགས་བཞིན་ཡོད།  གནས་སྟངས་དེ་མུར་ལུས་ཚེ་བོད་མིའི་གཞིས་ཆགས་ཀྱི་ས་ཆ་ཧ་ཅང་མང་པོ་ཤོར་རྒྱུའི་ཉེན་ཁ་ཡོད་སྟབས། དེའི་ཐོག་ང་ཚོས་སྔ་རྗེས་ཡིག་ཐོག་ཕུལ་བ་མ་ཟད། དངོས་སུ་མཇལ་བའི་སྐབས་སུའང་དཀའ་སྡུག་ཞུས་པར་བརྟེན།  གཞུང་ལམ་བཟོ་རྒྱུའི་དེ་སྔའི་ས་ཁྲ་གཏན་འབེབ་ཟིན་པ་ནས་བོད་མིའི་ས་ཆ་ཆ་ཚང་ཟུར་དུ་བཏོན་པ་དང་།  དེའི་ཆེད་མངའ་སྡེ་གཞུང་ལ་འགྲོ་གྲོན་འཕར་མ་གང་ཙམ་འགྲོ་ཡི་ཡོད་ནའང་བོད་པའི་གཞིས་ཆགས་འདི་སྲ་བརྟན་གནས་རྒྱུ་དང་དེ་གཏོར་བཤིག་མི་འགྲོ་བའི་ཆེད་དུ་དགོངས་པ་བཞེས་པ་ཡིན།  ཞེས་གཞུང་ལམ་ས་ཁྲ་ཆ་ཚང་འགྱུར་བ་ཕྱིན་པ་དེ་འདྲ་རེད། 

དེ་མཚུངས་ནུབ་བྷེང་གྷལ་ West Bengal གྱི་སྤྱི་ཁྱབ་བློན་ཆེན་དང་མཇལ་འཕྲད་ཞུ་རྒྱུའི་འབད་བརྩོན་སྔ་རྗེས་ཐེངས་མང་པོ་ཞུས་པ་ཡིན།  འོན་ཀྱང་ད་བར་མཇལ་འཕྲད་རྩ་བ་ནས་ཞུ་ཐུབ་མེད། གཞན་ཡང་བྷན་ད་ར་ནོར་རྒྱས་གླིང་གཞིས་ཆགས་དང་ཀ་སྦུག  རྡོར་གླིང་ཁུལ་དང་འབྲེལ་བ་ཡོད་པའི་སྤྱི་ཁྱབ་བློན་ཆེན་དང་འཇལ་འཕྲད་ཞུ་སླད་མུ་མཐུད་འབྲེལ་བ་ཞུ་བཞིན་ཡོད། དེ་མིན་མངའ་སྡེ་གཞན་ནང་ལག་བསྟར་གནང་རྒྱུ་སོགས་ཆ་ཚང་ཚར་བ་ཡིན་སྟབས། ཁོང་རྣམ་པ་མཇལ་འཕྲད་བྱུང་ཐུབ་པ་ཡིན་ན་ལག་བསྟར་གནང་རྒྱུའི་ཐོག་དམིགས་བསལ་དཀའ་ངལ་རིགས་འཕྲད་ཀྱི་རེད་བསམ་པ་དྲན་གྱི་མེད། དེ་མིན་བོད་པ་ཡོད་སའི་མངའ་སྡེ་ཚང་མའི་ནང་རྒྱ་གར་གཞུང་ནས་གཏན་འབེབས་གནང་བའི་སྲིད་བྱུས་ལག་བསྟར་གནང་བཞིན་ཡོད། 

ནང་སྲིད་ལས་ཁུངས་ནས་འདས་པའི་ལོ་གཉིས་ནང་འཆར་གཞི་གང་ཙམ་ཡོད་པ་རེད། གཙོ་བོ་བཙན་བྱོལ་བོད་མིའི་མཐུན་རྐྱེན་སྦྱོར་སྤྲོད་བྱེད་ཕྱོགས་ཀྱི་སྲིད་བྱུས་ཆ་ཚང་བ་ཞིག་ལག་ལེན་འཁེལ་བ་དང་། དེའི་ནང་ཤུགས་ཆེ་བ་ལག་ལེན་འཁེལ་བཞིན་ཡོད་ཀྱང་ལག་ལེན་མ་འཁེལ་བ་དེ་འདྲ་གང་ཙམ་ཡོད།  དེ་ཚོའི་ཐོག་ལ་གསལ་པོ་བཟོ་དགོས་པའི་གནད་དོན་འདུག གཉིས་ནས་ང་ཚོར་གཞིས་ཆགས་ཐོབ་མ་བྱུང་ཟེར་རྒྱུ་དེ་རེད། དེ་སྔ་ཡིན་ན་བོད་ནས་རྒྱུན་མ་ཆད་པར་ཕེབས་མཁན་ཡོད་སྟབས།  ང་ཚོས་དེའི་ཐོག་མུ་མཐུད་སྲིད་བྱུས་དེ་འདྲ་བཟུང་ནས་གཞིས་ཆགས་གནང་རྒྱུའི་གནས་བབ་མེད།

འོན་ཀྱང་ཕྱི་ལོ་ ༢༠༠༨ ནས་བཟུང་རྒྱ་ནག་གི་སྲིད་བྱུས་ལ་འགྱུར་བ་ཕྱིན་ནས་བོད་ནས་ཚུར་ཕེབས་མཁན་ཉུང་ཉུང་ཆགས་པར་བརྟེན་སློབ་གྲྭ་དང་དགོན་སྡེ་གྲྭ་ཚང་སོགས་ཀྱི་ནང་རང་བཞིན་གྱི་གྲྭ་རྒྱུན་སོགས་ཉུང་དུ་ཕྱིན་པ་དང་། ཧི་མཱ་ལ་ཡི་རི་རྒྱུད་ཀྱི་མི་རིགས་མང་བ་ཆགས་ཡོང་བའི་གནས་སྟངས་ཤིག་ཆགས་ཡོང་སྐབས།  བོད་ནས་བོད་མི་འབྱོར་བ་དེ་དག་ཁྲོད་རང་ཁ་རང་གསོ་ཐུབ་མཁན་ཚོ་བརྗོད་མེད་རེད། དེ་མིན་དངོས་ཡོད་དཀའ་ངལ་འཕྲད་བཞིན་པ་རྣམས་ལ་གོང་དུ་ཞུས་པ་བཞིན་རིམ་པ་གཉིས་གསུམ་བཟོས་ནས་ཛ་དྲག་ཆེ་བ་དེ་ཚོར་འདས་པའི་ལོ་གསུམ་ནང་བཀའ་ཤག་ནས་གཞིས་ཆགས་ཀྱི་ཆ་རྐྱེན་ཆ་ཚང་ཞིག་གནང་ཐུབ་པ་བྱ་རྒྱུ་དང་། ཁོ་རང་ཚོ་ཡིན་ནའང་བཀའ་ཤག་འདིས་སྐུ་ལས་བསྐྱོན་ནས་དགོངས་བཞེས་གནང་བྱུང་བསམ་པ་ཞིག་དང་། ང་ཚོ་ཡིན་ནའང་གཅིག་བྱས་ཡོད་བསམ་པའི་ཐོག་ཕན་ཚུན་གཉིས་ཀ་འདོད་བློ་ཁེངས་པ་ཞིག་ལོ་གསུམ་ནང་ལག་ལེན་འཁེལ་ཐུབ་པ་ཞིག་ང་ཚོ་ཤུགས་གཙོ་བོ་དེའི་སྟེང་རྒྱག་བཞིན་ཡོད།

༼ ཕྱི་དྲིལ་བོད་ཡིག་ཚན་པས་སྒྲ་ཕབ་ཞུས། ༽

Share with your friends










Submit