ཟླ་བ་ ༦ ཚེས ༢ ༢༠༡༨
Published By Kalsang Dekyi

ཕྱི་ལོ་ ༢༠༡༨ ཟླ་ ༦ ཚེས་ ༢ རེས་གཟའ་སྤེན་པ།

༄༅། །ཕྱི་ལོ་ ༢༠༡༨ ཟླ་ ༦ ཚེས་ ༡ རེས་གཟའ་པ་སངས་ཉིན་བཀའ་ཤག་སྐབས་ ༡༥ དམ་འབུལ་མཛད་འགན་བཞེས་ནས་ལོ་གཉིས་ཧྲིལ་པོ་འཁོར་བའི་དུས་ཚིགས་སྟབས་འགྲིག་སྟེ་གཞུང་འབྲེལ་གདུང་སེམས་མཉམ་སྐྱེའི་མཆོད་འབུལ་སྨོན་ལམ་སྐབས་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གི་གསུང་བཤད་གནང་དོན། སྔ་འགྱུར་རྙིང་མའི་དབུ་འཛིན་ཁྲི་རབས་བདུན་པ་ཀཿཐོག་དགེ་རྩེ་རིན་པོ་ཆེ་མཆོག་གིས་དབུས་སྐྱབས་གནས་དགེ་འདུན་གྱི་སྡེ། མང་གཙོ་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ། སྲི་ཞུའི་ལས་བྱེད་རྣམ་པ། དེ་བཞིན་མི་མང་རྣམ་པ། དེ་རིང་ང་ཚོ་འདིར་འཛོམས་དགོས་དོན་ནི་བཀའ་ཤག་སྐབས་བཅོ་ལྔ་པའི་དམ་འབུལ་བཞེས་ནས་ལོ་གཉིས་ཧྲིལ་པོ་འཁོར་བའི་དུས་ཚིགས་ཆགས་ཀྱི་ཡོད།

གཙོ་ཆེ་ཤོས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་རྗེ་བཀའ་དྲིན་ལ་བརྟེན་ནས་བཀའ་ཤག་གི་ལས་ཡུན་ལོ་གཉིས་གྱི་གྲུབ་འབྲས་དང་། ལས་དོན་ལམ་ལྷོངས་གང་ཅི་ཐད་ལེགས་གྲུབ་བྱུང་སོང་ཞེས་སྙན་སེང་ཞུ་རྒྱུ་གཙོ་བོ་ཡིན། དུས་ཚོད་རྐྱེན་པའི་ལས་ཁུངས་ཁག་གི་ལས་བསྡོམས་ཆ་ཚང་ཞིག་འདིར་སྙན་སྒྲོན་ཞུ་མི་ཐུབ།  འོན་ཀྱང་བོད་ཀྱི་བརྙན་འཕྲིན་ཚན་པ་དང་། བོད་མིའི་སྒྲིག་འཛུགས་ཀྱི་དྲ་རྒྱ་བརྒྱུད་ནས་ལས་ཁུངས་ཁག་རེ་རེའི་ལོ་གཉིས་རིང་ཕྱག་ལས་གང་གནང་ཡོད་མེད་སྙིང་བསྡུས་ཤིག་ཚང་མའི་མཁྱེན་རྟོགས་སླད་འབད་བརྩོན་ཞུ་རྒྱུ་ཡིན། གཞི་རྩའི་ཆོས་རིག་ལས་ཁུངས་དང་། ནང་སྲིད་ལས་ཁུངས། དཔལ་འབྱོར་ལས་ཁུངས། ཤེས་རིག་ལས་ཁུངས། དེ་བཞིན་བདེ་སྲུང་ལས་ཁུངས་དང་འཕྲོད་བསྟེན་ལས་ཁུངས་བཅས་ཀྱི་བཀའ་བློན་རྣམ་པས་མཉམ་འདུས་ཀྱི་འགན་ཁུར་གནང་བ་དང་།  དེ་ཡང་མང་གཙོ་ཀ་བ་གཞན། རང་དབང་ཅན་གྱི་ལས་ཁུངས་ཁག་གིས་རྒྱབ་སྐྱོར་གནང་བར་བརྟེན་ལོ་གཉིས་ནང་ལས་དོན་རྣམས་ལམ་ལྷོངས་ལྡན་པ་བྱུང་བ་རེད།  གཙོ་ཆེ་ཤོས་སྲི་ཞུའི་ལས་བྱེད་རྣམས་ཀྱིས་དུས་རྒྱུན་དུ་བཀའ་ཤག་གི་དགོངས་པ་གཞིར་བཟུང་ཕྱག་ལས་གནང་བར་བརྟེན་གྲུབ་འབྲས་ཐོན་པར་ངོས་འཛིན་ཞུས་ཀྱི་ཡོད། ཕྱི་ནང་གི་བོད་མི་རྣམས་ཀྱི་ཐུགས་སྨོན་གནང་བ་དང་།གཙོ་ཆེ་ཤོས་ནི་བོད་ནང་གི་བོད་མིའི་མངོན་འདོད་སྒྲུབ་སླད་ཡིན། བཀའ་ཤག་ངོས་ནས་དེའི་ཐོག་འབད་བརྩོན་གནང་དང་གནང་མུས་ཡིན། མི་མང་ནས་རྒྱབ་སྐྱོར་གནང་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། བཀའ་ཤག་སྐབས་ ༡༤ དང་བཀའ་ཤག་སྐབས་ ༡༥ ནས་༸གོང་ས་མཆོག་གི་བཀའ་སློབ་སྩལ་བ་རྣམས་ཡིད་ལ་བཅངས་པའི་ཐོག་ནས་ལག་བསྟར་ཞུ་རྒྱུ་འབོད་བརྩོན་བྱས་དང་བྱེད་མུས་ཡིན།  ཉེ་ཆར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དབུ་མའི་ལམ་གྱི་བྱུང་རིམ་དང་གྲུབ་འབྲས་ཐད་བཀའ་སློབ་དང་། དེ་འབྲེལ་ཆོལ་ཁ་དང་ཆོས་ལུགས་ནང་ཁུལ་མཐུན་སྒྲིལ་དགོས་རྒྱུ། ཆིག་སྒྲིལ་དགོས་གལ་ཐད་བཀའ་སློབ་གཏིང་ཟབ་པོ་ཞིག་ཕེབས་ཡོད། མི་མང་ནས་བཀའ་སློབ་རྣམས་གསན་གཟིགས་གནང་སྟེ་ལག་བསྟར་གནང་དགོས་པའི་འབོད་སྐུལ་ཞུ་རྒྱུ་ཡིན། དེ་ནས་བོད་ནང་གི་གནས་སྟངས་ཚང་མས་མཁྱེན་གསལ་རེད། གོང་དུ་རྣམ་གྲྭ་དགེ་བསྐོས་ལགས་ཀྱིས་སྐྱབས་ཐོ་སྒྲོགས་སྦྱང་ནང་གསལ་ལྟར་རྒྱ་ནག་གཞུང་གི་རྩ་ཁྲིམས་དང་བཅའ་ཁྲིམས་མཐུན་པ། དམིགས་བསལ་རྩ་ཁྲིམས་དོན་ཚན་བཞི་པའི་ནང་འཁོད་དོན་གྲང་ཉུང་མི་རིགས་ཀྱི་སྐད་ཡིག་བེད་སྤྱོད་གཏོང་ཆོག་པ་མ་ཟད། གོ་འཕེལ་སླད་གཞུང་ནས་མཐུན་རྐྱེན་སྦྱོར་སྤྲོད་བྱེད་དགོས་ཀྱི་ཡོད་ཅེས་འཁོད་ཡོད་ཀྱང་བོད་རིགས་ན་གཞོན་བཀྲ་ཤིས་དབང་ཕྱུག་ལགས་ཀྱིས་རྒྱ་ཡིག་དང་རྒྱ་སྐད་སློབ་གྲྭ་ཁག་ཏུ་སློབ་ཁྲིད་གནང་གྱི་ཡོད་པ་བཞིན། བོད་ཡིག་དང་བོད་སྐད་སློབ་ཁྲིད་བྱེད་དགོས་ཀྱི་འདུག་ཅེས་རྒྱ་ནག་གཞུང་གི་རྩ་ཁྲིམས་དང་བཅའ་ཁྲིམས་ནང་གསལ་ལྟར་མང་ཚོགས་ཀྱི་ཐོབ་ཐང་ཆ་རྐྱེན་འོག་རྒྱ་ནག་གཞུང་གིས་བཀྲ་ཤིས་དབང་ཕྱུག་ལགས་ཀྱིས་ཞུ་གཏུག་གནང་བ་ཙམ་གྱིས་ཁྲིམས་འགལ་རེད། ཅེས་འཛིན་བཟུང་བྱས་ཡོད། དེ་ནས་ཉེ་ཆར་མི་ལོ་ ༥ བཙོན་འཇུག་བྱས་ཡོད། ཁྲིམས་ཐག་ཆོད་པ་དེ་རྒྱལ་སྤྱིའི་ཁྲིམས་ཐོག་ནས་ཁྲིམས་འགལ་རེད་ལ་རྒྱ་ནག་གི་བཅའ་ཁྲིམས་དང་རྩ་ཁྲིམས་ཐོག་ནས་ཁྲིམས་འགལ་ཆགས་ཀྱི་ཡོད། ཁྲིམས་ལ་མ་བརྩི་བའི་ཐོག་ནས་བཀྲ་ཤིས་དབང་ཕྱུག་ལགས་སུ་དྲང་པོ་མ་བྱེད་པའི་ཐོག་ནས་འཛིན་བཟུང་བྱེད་པ་དེར་རྩ་བ་ཉིད་ནས་མོས་མཐུན་བྱེད་ཐུབ་ཐབས་མི་འདུག དེར་བརྟེན་ངེས་པར་དུ་བཀྲ་ཤིས་དབང་ཕྱུག་ལགས་གང་མགྱོགས་གློད་གྲོལ་གཏོང་དགོས་པའི་འབོད་སྐུལ་ཞུ་རྒྱུ་ཡིན། དེ་ཡང་བོད་མིའི་སྒྲིག་འཛུགས་ནས་འབོད་སྐུལ་ཞུས་པ་གཅིག་པོ་ཙམ་མིན་པར་མཉམ་འབྲེལ་རྒྱལ་ཚོགས་ནང་ནས་སྡེ་ཚན་ཁག་མི་ཉུང་བ་ཞིག་གིས་དེ་དེ་བཞིན་གསུང་འདུག ཨ་རི་གྲོས་ཚོགས་དང་། ཁེ་ན་ཌ་གྲོས་ཚོགས། དེ་བཞིན་གཞུང་འབྲེལ་ཁག་དང་རྒྱལ་ཁབ་འདྲ་མིན་ཁག་ནས་བཀྲ་ཤིས་དབང་ཕྱུག་ལགས་ལ་རྒྱ་ནག་གཞུང་ནས་དྲང་བདེན་མིན་པའི་ཁྲིམས་ཐག་བཅད་པ་དེར་མོས་མཐུན་མེད་པ་དང་། ཁོང་ངེས་པར་དུ་གློད་བཀྲོལ་བྱེད་དགོས་ཀྱི་ཡོད་ཅེས་གསུང་གནང་འདུག 

དེར་རྒྱ་ནག་གཞུང་ནས་མཁྱེན་པའི་ཐོག་ནས་ཁོང་གྲོད་བཀྲོལ་གཏོང་གནང་རོགས་ཞེས་འབོད་སྐུལ་ཞུ་རྒྱུ་ཡིན། དེ་ནས་ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་གི་འཁྲུངས་སྐར་དང་འབྲེལ་ཨ་རིའི་ཕྱི་སྲིད་ལས་ཁུངས་ནས་པཎ་ཆེན་རིན་པོ་མཆོག་ལོ་ངོ་ཉི་ཤུ་གོང་དུ་གར་སོང་ཆ་མེད་དུ་གྱུར་བར་འཛམ་གླིང་ཡོངས་གྲགས་མཁྱེན་དགོས་ཀྱི་ཡོད་པ། ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་གང་མགྱོགས་གློད་བཀྲོལ་བྱེད་དགོས་ཞེས་གསུང་ཡོད། ཨ་རིའི་གྲོས་ཚོགས་གོང་མས་སྤྱི་མོས་གཏན་ལ་ཕབ་པའི་གྲོས་ཆོད་ནང་ཡང་སྲིད་དང་འབྲེལ་བའི་མཐའ་མའི་ཐག་གཅོད་དེ་བོད་བརྒྱུད་ནང་བསྟན་ལག་བསྟར་བྱེད་མཁན་ཚོར་དགོས་ཀྱི་རེད། དམིགས་བསལ་སྐུ་ཕྲེང་རིམ་བྱོན་གྱི་ཡང་སྲིད་ཐད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་མ་གཏོགས་གཞན་སུ་འདྲ་ཞིག་ལ་སྐུ་དབང་མེད་ཅེས་འཁོད་ཡོད། ལོ་རྒྱུས་ཐོག་ནས་དེ་དེ་བཞིན་ཡིན་པ་དང་དེ་ལྟར་གནས་དགོས་ཀྱི་ཡོད། རྒྱ་ནག་གཞུང་ལ་དེའི་ཐོག་འགན་དབང་རྩ་བ་ཉིད་ནས་མེད།

ཕྱི་ལོ་ ༢༠༠༩ ནས་བཟུང་ད་བར་རང་ལུས་མེར་སྲེག་གནང་མཁན་འདས་སོན་ཁྱོན་ ༡༥༢ ཆགས་ཡོད། གཞིས་བཞུགས་བོད་མི་རྩ་དོན་རྩོད་མཁན་རྣམས་ཀྱིས་རྩ་དོན་རྩོད་པ་རྣམས་ཡིད་ལ་འཇགས་པའི་ཐོག་ནས་མཆོད་འབུལ་སྨོན་ལམ་འདོན་རོགས་གནང་།

གཞིས་བཞུགས་བོད་མི་རྣམས་ཀྱི་མངོན་འདོད་སྒྲུབ་ཐུབ་པ་དང་། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བོད་ཆོས་ལྡན་ཞིང་དུ་གདན་འདྲེན་ཞུ་ཐུབ་པ། བོད་མིར་སླར་ཡང་རང་དབང་ཐོབ་པའི་སྨོན་འདུན་དང་སྦྲགས་མཐའ་དོན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་ཡུན་རིང་གནས་པའི་སྨོན་འདུན་ཞུ་རྒྱུ་ཡིན། ཐུགས་རྗེ་ཆེ།་ཞེས་གསུང་བཤད་གནང་།

Share with your friends










Submit