ཟླ་བ་ ༦ ཚེས ༡༣ ༢༠༡༨
Published By Bhara Yeshi Kundak

ཕྱི་ལོ་ ༢༠༡༨ ཟླ་ ༦ ཚེས་ ༡༣ རེས་གཟའ་ལྷག་པ།

༄༅། །འདི་གར་ཚོགས་དྲུང་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༨ ཟླ་ ༦ ཚེས་ ༡༠ ཉིན་བོད་ཀྱི་གཞོོན་ནུ་ལྷན་ཚོགས་ནས་ཉིན་གྲངས་ ༡༠ རིང་རྡ་སྟེང་བོད་ཁྱིམ་སློབ་གྲྭའི་རྩེད་ཐང་དུ་གོ་སྒྲིག་ཞུས་པའི་བོད་ཀྱི་རྒྱལ་ཡོངས་རྐང་རྩེད་སྤོ་ལོའི་འགྲན་བསྡུར་གྱི་མཇུག་སྡོམ་མཛད་སྒོ་ཞིག་ཚོགས་གནང་འདུག

མཛད་སྒོའི་སྐུ་མགྲོན་གཙོ་བོར་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དང་། དམིགས་བསལ་སྐུ་མགྲོན་དུ་རྡ་སའི་ཧིན་བོད་མཛའ་འབྲེལ་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ཨ་ཇེ་སིང་མོན་ཀོ་ཊི་ཡ་ (Ajay Singh Mankotia) ལགས། གཞན་བོད་མི་མང་སྤྱི་འཐུས་རྒྱུན་ལས་ཁག་ཅིག་དང་། དབུས་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་དང་རྒྱུན་ལས་རྣམ་པ། རྡ་སྟེང་བོད་ཁྱིམ་སློབ་གྲྭའི་འབྲེལ་ཡོད་འགན་འཁུར་རྣམ་པ། གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་སྐུ་ཚབ། དེ་བཞིན་རྩེད་འགྲན་པ་དང་། ས་གནས་མི་མང་ཁྱོན་བརྒྱ་ཕྲག་བརྒལ་བ་ལྷན་འཛོམས་གནང་འདུག

སྐབས་དེར་དཔལ་ལྡན་ཚོགས་གཙོ་མཆོག་གིས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་ཞུས་ཏེ་འཚམས་འདྲི་དང་སྦྲགས་གསུང་བཤད་གནང་དོན། དེ་རིང་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་འགན་འཛིན་ལྷན་ཚོགས་བརྒྱུད་ནས་རྐང་རྩེད་སྤོ་ལོའི་འགྲན་བསྡུར་དེ་འདྲ་ཞིག་དངོས་སུ་དབུ་འཛུགས་གནང་ཐུབ་པ་དང་། དེའི་ཐོག་ནས་ཁོང་རྣམ་པའི་དགོས་པ་དམིགས་ཡུལ་གཙོ་བོ་གཉིས་ཡོད་པ། གཅིག་ནི་བོད་པའི་གཞོན་སྐྱེས་རྣམས་ཀྱི་འཕྲོད་བསྟེན་དང་ཕན་ཚུན་མཛའ་བརྩེ་ཡོང་རྒྱུ་དང་། གལ་ཆེ་བ་གཞན་གཅིག་དེ་ད་ལྟ་ང་ཚོ་བོད་མིའི་སྒྲིག་འཛུགས་བཀའ་ཤག་གི་ཐོག་ནས་ལོ་འདི་ (Thank You India) ཞེས་ཟེར་ནས་རྒྱ་གར་གཞུང་མང་གཉིས་ལ་ཐུགས་རྗེ་ཆེ་ཞུའི་ལོར་སྲུང་རྩི་ཞུ་བཞིན་པར་དམིགས་ནས་རྩེད་འགྲན་གོ་སྒྲིག་ཞུས་པ་ཞིག་ཆགས་འདུག

དེ་ཡིན་དུས་དེ་རིང་ངས་རྩེད་འགྲན་ཐོག་གཏམ་བཤད་རིང་པོ་ཞུ་མི་དགོས་པའི་ཐོག་ནས། ང་རང་ཚོ་གཙོ་བོ་ཆབ་སྲིད་ཀྱི་སྐྱབས་བཅོལ་བའི་གནས་སྟངས་ཤིག་ཆགས་བསྡད་ཡོད། དེ་ཡིན་དུས་ང་རང་ཚོ་སྐྱབས་བཅོལ་བའི་གནས་ས་ངོ་ཤེས་དགོས་པ་དང་། ལྷག་པར་དུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་། བོད་མིའི་སྒྲིག་འཛུགས་ཀྱི་བསྟི་གནས་དེ་རྒྱ་གར་ལ་ཆགས་བསྡད་ཡོད་རེད། དེ་ཡིན་དུས་ད་ལྟ་ལོ་ ༦༠ ཟིན་ལ་ཉེ་བའི་དུས་ཚོད་དེའི་ཐོག་ནས་རྒྱ་གར་གཞུང་དང་། མི་མང་རྣམས་ང་ཚོར་ཧ་ཅང་གི་བཀའ་དྲིན་ཆེན་པོ་ཆགས་བསྡད་ཡོད། དཔེར་ན་ཕྱི་ལོ་ ༡༩༥༩ རྗེས། ༦༠ དང་། ༧༠ ལོའི་ནང་བོད་ནང་རྒྱ་ནག་གཞུང་གི་སྲིད་བྱུས་ཐོག་ནས་བོད་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག གོམས་གཤིས་སོགས་ཕལ་ཆེར་རྩ་མེད་གཏོང་རྒྱུའི་བསམ་བློ་དེ་བྱུང་ཡོད། བོད་ནང་ལོགས་ལ་བསྡད་པའི་བོད་མི་ཚོའི་བསམ་བློའི་ནང་ལའང་ཕལ་ཆེར་བོད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང་། སྐད་ཡིག་སོགས་རྩ་མེད་ཆགས་སོང་བསམ་པའི་བསམ་བློ་དེ་འདྲ་འཁོར་བསྡད་ཡོད་རེད། ཡིན་ནའང་བཙན་བྱོལ་ནང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་རྗེའི་བཀའ་དྲིན་དང་། དེ་བཞིན་བླ་ཆེན་ཁག་དང་། མི་རབས་རྒན་པ་རྣམ་པ། ལྷག་པར་དུ་རྒྱ་གར་གཞུང་གི་མཐུན་འགྱུར་ཐོག་ནས་དེང་སང་ང་ཚོ་བོད་ཟེར་བ་དེ་འཛམ་གླིང་ནང་ལ་དམིགས་བསལ་གྱི་འབུར་དུ་འདོན་ཐུབ་ཡོད་པ་མ་ཟད། བོད་ཀྱི་ཆོས་དང་རིག་གཞུང་གི་ཐོག་ལ་དེང་སང་སྙན་གྲགས་ཅན་གྱི་མི་སྣ་མང་པོས་དོ་སྣང་བྱེད་སའི་གཞི་རྩ་ལྟ་བུ་ཆགས་བསྡད་ཡོད་རེད།

དེ་ཚོ་ཆགས་ཐུབ་པ་དེ་རྒྱ་གར་གཞུང་མང་གཉིས་ཀྱི་མཐུན་འགྱུར་ལ་བརྟེན་ནས་བྱུང་བ་ཡིན་དུས། ང་ཚོ་དུས་དང་རྣམ་པ་ཀུན་དུ་རྒྱ་གར་གྱི་གཞུང་དང་མི་མང་བཅས་ལ་དངོས་གནས་ཀྱི་ཐུགས་རྗེ་ཆེ་ཞུ་དགོས་པ་ཞིག་ཆགས་བསྡད་ཡོད། དུས་རྒྱུན་དུ་སོ་སོ་ས་གནས་ལ་སྡོད་རིང་རྒྱ་གར་མི་རིགས་དང་། རྒྱ་གར་གྱི་རིག་གཞུང་དེ་ཚོར་གུས་ཞབས་ཞུ་དགོས་པ་གཅིག་དང་། ལྷག་པར་དུ་ང་ཚོ་ག་པར་གནས་པ་ཡིན་ཡང་རྒྱ་གར་ཡུལ་མི་མཉམ་དུ་གནས་དགོས་དུས། རྒྱ་གར་ཡུལ་མི་མཉམ་དུ་ཕན་ཚུན་བྱམས་བརྩེ་དང་མཐུན་ལམ་གོང་འཕེལ་ཡོང་ཐུབ་པ་བྱེད་དགོས་རྒྱུ་དེ་ཧ་ཅང་གི་གལ་ཆེན་པོ་ཆགས་ཀྱི་ཡོད། དེ་འདྲ་བྱེད་ཐུབ་པ་ཡིན་ན། དོན་དུ་ང་ཚོས་རྒྱ་གར་གཞུང་མང་གཉིས་ལ་ཐུགས་རྗེ་ཆེ་ཞུ་ངོ་མ་དེ་ཆགས་ཀྱི་ཡོད། རིམ་པས་ང་ཚོ་བོད་རང་དབང་ཐོབ་པའི་དུས་ཤིག་བྱུང་བ་ཡིན་ན། ང་ཚོ་བོད་ཟེར་བ་དེ་ལྷོ་ཤར་ཨེ་ཤི་ཡའི་ནང་ལོགས་ལ་ཞི་བདེའི་བྱུང་ཁུངས་ལྟ་བུ་དེ་འདྲ་ཞིག་ཆགས་རྒྱུ་ང་ཚོའི་བསམ་བློའི་ནང་ཡོད་རེད། དེ་ལྟར་ཏན་ཏན་ཡོང་གི་རེད་བསམ་གྱི་འདུག དེ་འདྲ་མ་ཡོང་བར་དུ་ང་ཚོས་བོད་ཀྱི་འཐབ་རྩོད་ཐོག་ལ་སེམས་ཤུགས་མ་ཆག་པའི་ཐོག་ནས་མདུན་བསྐྱོད་བྱེད་ཐུབ་དགོས་རྒྱུ་དེ་གལ་ཆེན་པོ་རེད་ཅེས་ཐོག་མར་དེ་གཅིག་ཞུ་འདོད་བྱུང་།

དེ་རིང་འདིར་རྩེད་འགྲན་པ་རུ་ཁག་ཕལ་ཆེར་ ༡༦ ཙམ་མཉམ་ཞུགས་བྱས་འདུག དེ་ཡིན་དུས་ཚང་མར་བསྔགས་བརྗོད་དང་། དེང་སང་གི་རྩེད་མོ་ཡིན་ནའང་འདྲ། ང་ཚོ་བོད་ཀྱི་ཐུན་མོང་མ་ཡིན་པའི་སྲོལ་རྒྱུན་གྱི་རྩེད་མོ་ཡིན་ནའང་འདྲ། རྩེད་འགྲན་ནང་ང་ཚོས་མཉམ་ཞུགས་གནང་དགོས་པ་གཅིག་དང་། མཉམ་ཞུགས་གནང་བའི་ཐོག་ནས་གྲུབ་འབྲས་ཡག་པོ་ཐོབ་ཐུབ་པ་བྱེད་དགོས་པ་དེ་ང་ཚོའི་དམིགས་ཡུལ་ཞིག་ཆགས་ཀྱི་ཡོད། ད་ལོ་ ༢༠༡༨ ལོར་འཛམ་གླིང་རྐང་རྩེད་སྤོ་ལོའི་རྩེད་འགྲན་ (CONIFA World Football Cup 2018) ནང་ལ་བོད་པ་མཉམ་ཞུགས་གནང་ཐུབ་ཡོད། མཉམ་ཞུགས་གནང་བ་དང་དེའི་གྲུབ་འབྲས་གང་བྱུང་ཡོད་མེད་དེ་གནས་ཚུལ་གཅིག་རེད། གང་ལྟར་མཉམ་ཞུགས་གནང་ཐུབ་པ་ཙམ་གྱི་ང་ཚོའི་མི་རིགས་དང་མི་རིགས་དེའི་གནས་སའི་རྒྱལ་ཁབ་དང་། རིག་གཞུང་དེ་ཚོར་རང་བཞིན་གྱི་ཆེ་མཐོང་ཞིག་མཚོན་ཐུབ་ཡོད་རེད་བསམ་གྱི་འདུག དེ་ཡིན་དུས་དེ་རིང་གི་འཛམ་གླིང་རྐང་རྩེད་སྤོ་ལོའི་རྩེད་འགྲན་ (CONIFA World Football Cup 2018) ནང་མཉམ་ཞུགས་གནང་མཁན་ཡོངས་ལ་གོ་སྐབས་འདི་བརྒྱུད་ནས་བསྔགས་བརྗོད་ཞུ་རྒྱུ་མ་ཟད། དེ་རིང་འདིར་གཞོན་ནུ་ལྷན་ཚོགས་ཀྱི་གོ་སྒྲིག་ཞུས་པའི་ཐོག་ནས་རྩེད་འགྲན་དེ་ཚགས་ཚུད་པོ་ཞེ་དྲག་བྱུང་འདུག བྱས་ཙང་རྩེད་འགྲན་པ་ཡོངས་དང་། གོ་སྒྲིག་ཚོགས་ཆུང་ལའང་བསྔགས་བརྗོད་ཞུ་རྒྱུ་ཡིན། དེ་འདྲའི་ཐོག་ནས་མ་འོངས་པར་རྒྱལ་སྤྱིའི་ནང་ལ་དཔུང་པ་མཉམ་གཤིབ་གནང་ཐུབ་དགོས་རྒྱུ་དེ། ཕྱོགས་གཅིག་ནས་ཤེས་ཡོན་ཐོག་ནས་མཉམ་ཞུགས་གནང་དགོས་རྒྱུ་གལ་ཆེན་པོ་ཆགས་ཀྱི་ཡོད་ལ། ཕྱོགས་གཞན་ཞིག་ནས་རྩེད་འགྲན་དང་། རིག་གཞུང་། གཞས་སྣ་འགྲན་བསྡུར་དེ་ཚོའི་ཐོག་མཉམ་ཞུགས་གནང་ཐུབ་དགོས་པ་གལ་ཆེན་པོ་ཞེ་དྲག་ཆགས་ཀྱི་ཡོད་རེད། དེ་ཙམ་མ་ཟད། དེ་འདྲའི་ཐོག་ནས་ཕྲུ་གུ་རྣམས་རྩེད་མོ་དང་། གང་ལའང་དབྱིངས་ཡོད་པ་དེར་ཁྱིམ་ཚང་གི་ཕ་མ་དང་། སྒྲིག་འཛུགས་སློབ་གྲྭ་སོགས་ཀྱིས་རྒྱབ་སྐྱོར་གནང་བའི་ཐོག་ནས་ཤར་བསྐྱོད་གནང་ཐུབ་པ་ཡིན་ན། ང་ཚོར་ཏན་ཏན་གྲུབ་འབྲས་ཆེན་པོ་ཐོབ་ཀྱི་རེད་བསམ་གྱི་འདུག དེ་ཡིན་དུས་ཕྲུ་གུ་ཚོར་མཐུན་འགྱུར་དང་རྒྱབ་སྐྱོར་གནང་རྒྱུ་གལ་ཆེན་པོ་རེད་ཅེས་ཞུ་རྒྱུ་ཡིན། མཐའ་དོན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་བསྐལ་བརྒྱར་བརྟན་པ་དང་། བོད་ཀྱི་བདེན་མཐའ་མྱུར་དུ་གསལ་བའི་སྨོན་འདུན་ཞུ་རྒྱུ་ཡིན། ཐུགས་རྗེ་ཆེ་ཞེས་གསུང་བཤད་གནང་གྲུབ་མཚམས།

བོད་ཀྱི་རྒྱལ་ཡོངས་རྐང་རྩེད་སྤོ་ལོའི་མཐའ་མའི་རྩེད་འགྲན་འགོ་འཛུགས་གནང་བ་དང་། བོད་ཀྱི་རྒྱལ་ཡོངས་རྐང་རྩེད་སྤོ་ལོའི་འགྲན་བསྡུར་ནང་རུ་ཁག་ ༡༦ མཉམ་ཞུགས་གནང་ཡོད་པའི་ཁོངས་ནས། མཐའ་མའི་རྐང་སྤོལ་རྩེད་འགྲན་ནང་སྡེ་ར་ལྡུན་ཁུལ་དུ་ཡོད་པའི་བོད་མིའི་དང་ཞབས་དམག་སྒར་གྱི་ (Victory FC) དང་། བདེ་སྐྱིད་གླིང་ས་གནས་གཞོན་ནུའི་རྐང་སྤོལ་རུ་ཁག་གཉིས་སླེབས་ཡོད། གཞོན་ནུ་ལྷན་ཚོགས་ནས་གོ་སྒྲིག་ཞུས་པའི་བོད་ཀྱི་རྒྱལ་ཡོངས་རྐང་རྩེད་སྤོ་ལོའི་མཐའ་མའི་རྩེད་འགྲན་གྱི་བྱ་དགའ་བོད་མིའི་དང་ཞབས་དམག་མིའི་རུ་ཁག་ (Victory FC) ལ་ཐོབ་འདུག་པ་བཅས། །

Share with your friends










Submit