Published By ngawang thokmey

༢༠༡༨ ཟླ་ ༦ ཚེས་ ༢ རེས་གཟའ་སྤེན་པ།

༄༅། །ཕྱི་ལོ་ ༢༠༡༨ ཟླ་ ༦ ཚེས་ ༢ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༣༠ ཙམ་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཧི་མཱ་ཅལ་མངའ་སྡེའི་ཀང་ར་རྫོང་དུ་རྟེན་གཞི་བྱས་པའི་ཧི་མཱ་ཅལ་ཨ་བྷི་ཨ་བྷི་ (himachal.abhiabhi) ཞེས་པའི་ད་ལྟ་ད་ལྟའི་གནས་ཚུལ་གང་བྱུང་བ་རྣམས་ཐད་ཀར་རྒྱང་སྲིང་ལས་ཁུངས་བཙུགས་ནས་ལོ་གསུམ་འཁོར་བའི་དུས་ཆེན་མཛད་སྒོར་ཇི་ལྟར་གདན་ཞུའི་གསོལ་འདེབས་ཞུས་དོན་ལྟར་བཀའ་བཞེས་བཟང་པོ་སྨིན་སྩལ་གྱིས་མཛད་སྒོར་དབུ་བཞུགས་མཛད།

དེ་ཡང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཁུལ་དེར་༸ཞབས་སོར་བཀའ་དྲིན་སྐྱོང་སྐབས་གསར་ཁང་འགན་འཛིན་སྐུ་ཞབས་བྷ་ལ་ཇི་ Balaji ལགས་ཀྱིས་ཕེབས་བསུ་དང་འབྲེལ་གསར་ཁང་གི་བཅར་འདྲི་ཞུ་ཡུལ་དུ་ཆིབས་སྒྱུར་བསྐྱངས་ནས་བཅར་འདྲི་ཁག་གཅིག་ལ་བཀའ་ལན་སྩལ།   ཐེངས་འདིའི་མཛད་སྒོའི་ཐོག་ཧི་མཱ་ཅལ་མངའ་སྡེའི་གནད་ཡོད་མི་སྣ་ཁག་གཅིག་དང་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག  སྤྱི་འཐུས་ཚོགས་གཞོན་ཨ་ཅཱརྱ་ཡེ་ཤེས་ཕུན་ཚོགས་མཆོག  བཀའ་བློན་ཁྲི་ཟུར་མཁས་དབང་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་སོགས་ཕེབས་ཡོད་པ་དང་། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སྐུ་མགྲོན་རྣམ་པ་དང་ལྷན་གསོལ་ཇ་བཞེས་ཏོག་གསོལ་གྲུབ་བསྟུན་འཁྱུག་ཙམ་བཞུགས་རྗེས་མཛད་སྒོ་དངོས་གཞིར་ཆིབས་སྒྱུར་བསྐྱངས་ནས་བཀའ་སློབ་སྩལ་དོན།

བཀུར་འོས་ཆོས་གྲོགས་ཕོ་མོ་རྣམ་པ། ཐོག་མར་ངོས་ཀྱིས་དེ་རིང་གི་མཛད་སྒོ་གོ་སྒྲིག་ཞུ་མཁན་རྣམས་ལ་ཐུགས་རྗེ་ཆེ་ཟེར་རྒྱུ་ཡིན།  མཛད་སྒོ་འདིར་ང་ཚོ་སླར་ཡང་མཉམ་འཛོམས་བྱུང་བ་ལྟ་བུ་ཞིག་ཡིན་པ་མ་ཟད། སྐུ་མགྲོན་ཁྲོད་མང་པོ་ཞིག་ངོས་ཀྱི་གྲོགས་པོ་རྙིང་པ་དེ་འདྲ་འདུག  ངོས་ལ་མཚོན་ན་རྒྱ་གར་གནའ་རབས་ཀྱི་སྲོལ་རྒྱུན་རིག་གནས་རྗེས་འབྲང་པ་ཞིག་ཡིན་པ་མ་ཟད།  དཔལ་ནཱ་ལེནྡྲ་ནས་དར་བའི་ལེགས་བཤད་དེ་དག་ཉམས་ལེན་བྱེད་མཁན་རྒྱ་གར་གྱི་སློབ་མ་ཞིག་ཀྱང་ཡིན།  ལོ་རྒྱུས་ཐོག་ནས་རྒྱ་གར་ང་ཚོའི་དགེ་རྒན་དང་ང་ཚོ་རྒྱ་གར་གྱི་དགེ་ཕྲུག་ཆགས་ཡོད།  ང་ཚོ་ཚང་མ་བདེ་བ་འདོད་ཅིང་སྡུག་བསྔལ་མི་འདོད་པ་གཅིག་མཚུངས་ཡིན།  

དུས་རབས་ ༢༠ འགོ་སྟོད་དང་སྨད་ཆའི་སྐབས་འཛམ་གླིང་དམག་ཆེན་དང་པོ་དང་གཉིས་པ་བྱུང་བ་རེད།  སྐབས་དེར་མི་གསོད་ཁྲག་སྦྱོར་ཧ་ཅང་ཚབས་ཆེ་བྱུང་བར་བརྟེན་འགྲོ་བ་མིའི་སྤྱི་ཚོགས་ནང་དཀའ་ངལ་དང་རྙོག་གྲ་ཧ་ཅང་བཟོས་ཡོད།  ངོས་རང་ཡུ་རོབ་སྤྱི་མཐུན་ཚོགས་པའི་སྒྲིག་འཛུགས་ European Union ལྟ་བུར་ཡི་རངས་བྱེད་མཁན་ཞིག་ཡིན། ཡུ་རོབ་སྤྱི་མཐུན་ཚོགས་པ་བཙུགས་པར་བརྟེན་ཡུ་རོབ་རྒྱལ་ཁབ་ནང་ཕན་ཚུན་དམག་རྒྱག་རྒྱུ་མཚམས་འཇོག་བྱུང་ཐུབ་ཡོད། 

ཕྱི་ལོ་ ༡༩༩༠  ནང་ངོས་ཀྱི་ཚད་རྡུལ་དངོས་ཁམས་རིག་པའི་རྣམ་གཞག་ Quantum Physics སློབ་སྟོན་པ་འཇར་མན་མི་རིགས་སྐུ་ཞབས་ཝོན་ཝི་ཛེ་ཀར་ Carl Friedrich von Weizsäcker  ལགས་དང་ངོས་རང་གཉིས་གླེང་མོལ་ཞིག་གི་སྐབས་སུ་ཁོང་གིས་འདི་ལྟར་བརྗོད་བྱུང་།  ཁོང་རང་ན་གཞོན་ཡིན་པའི་སྐབས་སུ་ཕ་རན་སི་དང་འཇར་མན་མི་རིགས་དབར་ཕན་ཚུན་མཐའ་གཅིག་ཏུ་དགྲ་བོའི་འདུ་ཤེས་འཛིན་བཞིན་ཡོད་པ་དང་།  འོན་ཀྱང་ད་ཆ་འདུ་ཤེས་འཛིན་སྟངས་དེར་འགྱུར་བ་ཕྱིན་ནས་གཉེན་དུ་རྩི་བཞིན་ཡོད། ཅེས་བརྗོད་བྱུང་།

དེང་སང་གཅན་གཟན་སྟག་དང་གླང་ཆེན་གྱིས་མི་གཅིག་བསད་འདུག་བརྗོད་སྐབས་ཧང་སང་སང་བྱས་ནས་གསར་འགྱུར་ཆགས་ཀྱང་།  མིས་མི་བསད་པ་དེར་སྤྱིར་བཏང་ལྟ་བུ་ཞིག་ལ་རྩི་བཞིན་ཡོད།  འགྲོ་བ་མིའི་ལྷན་སྐྱེས་ཀྱི་རང་བཞིན་ནི་བྱམས་བརྩེ་ལྡན་པ་ཞིག་ཡིན་པ་ཚན་རིག་པས་བརྟག་དཔྱད་ཀྱི་ལམ་ནས་ར་སྤྲོད་གསལ་པོ་ཐུབ་ཡོད། 

ཚན་རིག་པས་བརྟག་དཔྱད་བྱས་པ་ལྟར་ན། རྒྱུན་དུ་ཁོང་ཁྲོ་དང་ཞེ་སྡང་ལངས་ནས་བསྡད་པ་ཡིན་ན་ལུས་ཟུངས་མ་ལག་ immune systems ཉམས་རྒུད་དུ་འགྲོ་ངེས་ཡིན་པ་ཤོད་ཀྱི་འདུག  བྱམས་བརྩེ་ལྡན་པའི་མི་ཞིག་ཡིན་ན་ཚེ་རིང་པོ་ཡོང་རྒྱུར་ཕན་ཐོགས་ཡོད།  གཙོ་བོ་སེམས་ནང་ཞི་བདེ་དགོས་རྒྱུ་གལ་ཆེ་ཞིང་།  དཔལ་འབྱོར་ལོངས་སྤྱོད་དང་།  དབང་ཤུགས་ཆེ་ཡང་རང་རྒྱུད་ལ་བརྩེ་སེམས་མེད་ན་སེམས་སྐྱིད་པ་ཞིག་ཡོང་ཐབས་མེད།  ངོས་རང་ལ་ཐོག་མར་བྱམས་སྙིང་རྗེ་སློབ་སྟོན་གནང་མཁན་ངོས་ཀྱི་ཨ་མ་ལགས་ཡིན། ཞེས་སོགས་ཀྱི་བཀའ་སློབ་སྩལ།  ཆུ་ཚོད་ ༡༡།༣༠ ཙམ་ལ་མཛད་སྒོ་ལེགས་པར་གྲུབ་སྟེ་བཞུགས་སྒར་ཕོ་བྲང་དུ་ཆིབས་༸ཞལ་སྒྱུར་ཡོད་པ་བཅས།།

Share with your friends










Submit