ཟླ་བ་ ༥ ཚེས ༡༤ ༢༠༡༨
Published By ngawang thokmey

༢༠༡༨ ཟླ་ ༥ ཚེས་ ༡༤ རེས་གཟའ་ཟླ་བ།

ཧེ་སེ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་Mr Norbert Kartmarnnམཆོག་དང་ལྷན།

༄༅། །བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་འཇར་མན་ཧེ་སེ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་Mr Norbert Kartmarnnམཆོག་དང་མཇལ་འཕྲད་གནང་འདུག  དེ་ཡང་ཉིན་ལྔའི་གཞུང་འབྲེལ་ཕྱོགས་ཕེབས་སྐབས་སྲིད་སྐྱོང་མཆོག་གིས་ཁ་སང་ཧེ་སེའི་མངའ་སྡེའི་གྲོས་ཚོགས་ Hessian State Parliament ནང་ཕེབས་ནས་ཨ་རི་དང་ཡུ་རོབ་གྲོས་ཚོགས་ནས་བོད་མི་ཚོས་དབུ་མའི་ལམ་གྱི་སྲིད་བྱུས་འོག་མིང་དོན་མཚུངས་པའི་རང་སྐྱོང་གི་གནས་བབ་ཚད་ལྡན་ཞིག་ཐོབ་ཐབས་བྱེད་བཞིན་པ་འདི་ནི་རྒྱ་ནག་གཅིག་གི་སྲིད་བྱུས་ལངས་ཕྱོགས་དང་ཡོངས་སུ་མཐུན་པ་ཞིག་ཡིན་སྐོར་དང་། 

ཧེ་སེ་མངའ་སྡེའི་བློན་ཆེན་དང་ལྷན།

 ཕྱི་ལོ་ ༡༩༧༣ ལོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་འཇར་མན་ཡུལ་དུ་ཐོག་མར་ཆིབས་སྒྱུར་བསྐྱངས་གནང་མཛད་ནས་གོ་ལ་གཅིག་གྱུར་གྱི་འགན་ཁུར་ཐད་འགྲོ་བ་མི་རིགས་ཚང་མས་མཉམ་རུབ་ཐོག་ནས་འགན་མང་ཙམ་ལེན་དགོས་པའི་དུས་ལ་བབ་ཡོད་སྐོར་བཀའ་སློབ་སྩལ་བ་རྣམས་དྲན་གསོ་ཞུས།

འཇར་མན་གསར་འགོད་པ་དང་ལྷན།

དེ་བཞིན་ཧེ་སེའི་མངའ་སྡེའི་ལས་ཁུངས་ནང་སྐུ་ཞབས་ལོར་ཛི་ Dr Lorz མཆོག་དང་མཇལ་འཕྲད་གནང་ནས་ད་ལྟའི་བོད་ནང་རྒྱ་ནག་གཞུང་གིས་བོད་མིའི་ཐོག་དམ་བསྒྲགས་ཤུགས་ཆེ་རུ་གཏོང་བཞིན་པའི་གནས་སྟངས་འོག་བོད་མིའི་ཐུན་མིན་ཆོས་དང་རིག་གཞུང་། སྐད་ཡིག་ཙམ་མ་ཟད།  བོད་ཀྱི་ཁོར་ཡུག་ལའང་ཉེན་ཚབས་ཧ་ཅང་བཟོ་བཞིན་ཡོད་པ་དང་།  བོད་ཀྱི་ཁོར་ཡུག་ནི་བོད་མི་ཙམ་མ་ཟད།  རྒྱལ་ཁབ་གཞན་མང་པོ་ཞིག་ལ་ཧ་ཅང་གལ་གནད་ཆེན་པོ་ཆགས་ཡོད་སྐོར་གསུངས།

ཧེ་སེ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་Mr Norbert Kartmarnnམཆོག་དང་ལྷན།

དེ་བཞིན་དེང་སྐབས་རྒྱལ་སྤྱིའི་སྡིངས་ཆའི་ཐོག་རྒྱ་ནག་སྟོབས་ཤུགས་རྒྱས་བཞིན་པའི་སྐབས་འདིར་བོད་དོན་ཐོག་རྒྱབ་སྐྱོར་གྱི་ལས་འགུལ་ཇི་འདྲ་ཞིག་སྤེལ་ཡང་འགོག་རྐྱེན་བཟོ་ཐབས་བྱེད་བཞིན་ཡོད་སྐོར་གསུང་དོན།  ལྷོ་ཨ་ཕི་རི་ཀས་གཙོས་རྒྱལ་ཁབ་མང་པོ་ཞིག་ལ་རྒྱ་ནག་གཞུང་གིས་གནོན་ཤུགས་སྤྲོད་བཞིན་ཡོད་པ་ནི་ཧ་ཅང་གསལ་པོ་རེད།  ང་རང་ལྷོ་ཨ་ཕི་རི་ཀའི་ཁྲིམས་ལུགས་རིག་པའི་མཐོ་སློབ་ཞིག་ཏུ་བོད་དོན་གཏམ་བཤད་བྱེད་སྐབས་རྒྱ་ནག་གཞུང་གིས་གནོན་ཤུགས་སྤྲད་ནས་འགོག་རྐྱེན་བཟོ་ཐབས་བྱས་བྱུང་།

ཧེ་སེ་མངའ་སྡེའི་གྲོས་ཚོགས་འཐུས་མི་རྣམས་དང་ལྷན།

 ཕྱོགས་མཚུངས་ཨོ་གླིང་སློབ་གྲྭའི་ནང་དུ་གལ་ཏེ་དགེ་རྒན་སུ་འདྲ་ཞིག་གིས་བོད་དང་ཐེ་ཝན།  གནམ་སྡེ་སྒོ་མོའི་དོན་རྐྱེན་སོགས་གླེང་སློང་བྱེད་ཚེ་རྒྱ་ནག་གཞུང་གིས་གནོན་ཤུགས་འོག་དགེ་རྒན་དེ་སློབ་གྲྭ་ནས་ཕྱིར་འབུད་གཏོང་བཞིན་ཡོད།  རྒྱུ་མཚན་དེ་ལ་བརྟེན་ནས་ཨོ་གླིང་གྲོས་ཚོགས་ནང་རྒྱལ་ནང་གི་གནད་དོན་ཐོག་རྒྱ་ནག་གཞུང་གི་ཐེ་བྱུས་འགོག་ཆེད་གྲོས་ཆོད་ཀྱང་བཞག་དགོས་ཐུག་ཡོད་པ་དང་།   གནད་དོན་དེ་དག་ལས་བོད་ནང་དམ་བསྒྲགས་ཇི་ཙམ་ཡོད་པའི་ཚོད་དཔག་གནང་ཐུབ་པ་ཞིག་ཡིན་སྐོར་དང་།

དེང་སྐབས་འཛམ་གླིང་ས་ཕྱོགས་གང་སར་འཚེ་བའི་ལས་འགུལ་རྡོལ་བཞིན་པའི་སྐབས་འདིར་བོད་མི་ཚོས་རྒྱུན་སྐྱོང་བྱེད་བཞིན་པའི་དབུ་མའི་ལམ་གྱི་སྲིད་བྱུས་གཞི་ལ་བཞག་སྟེ་འཚེ་མེད་ཞི་བ་གྲོས་མོལ་གྱི་ལམ་ནས་དཀའ་ངལ་སེལ་ཐབས་བྱེད་བཞིན་པའི་ཐབས་ལམ་འདི་ཉིད་མིག་དཔེ་བཟང་པོ་ཞིག་ཏུ་གྱུར་ཐུབ་རྒྱུ་ཡིན་སྐོར་གསུང་པ་དང་སྦྲགས།  བོད་དོན་ལ་རྒྱབ་སྐྱོར་གནང་བ་དེ་འཚེ་མེད་ཞི་བ་དང་།  གྲོས་མོལ་གྱི་ཐབས་ལམ།  འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་བཅས་ལ་རྒྱབ་སྐྱོར་གནང་བ་ཞིག་མཚོན་བཞིན་ཡོད་སྐོར་གསུངས།

ཐེངས་འདིར་སྲིད་སྐྱོང་མཆོག་གིས་འཇར་མན་མངའ་སྡེའི་གྲོས་ཚོགས་འཐུས་མི་ཙམ་མ་ཟད། ཚོང་ལས་སྒྲིག་འཛུགས་དང་ཆབ་སྲིད་མི་སྣ་སོགས་དང་མཇལ་འཕྲད་གནང་འདུག་པ་བཅས།


 

Share with your friends










Submit