Published By ngawang thokmey

ཕྱི་ལོ་ ༢༠༡༨ ཟླ་ ༥ ཚེས་ ༧ རེས་གཟའ་ཟླ་བ།

༄༅། །སྐབས་ ༡༥ བཀའ་ཤག་གིས་འཛིན་སྐྱོང་གི་ལས་དོན་འགན་ཁུར་བཞེས་ནས་ལོ་གཉིས་འཁོར་བ་དང་བསྟུན་ཕྱི་ལོ་ ༢༠༡༨ ཟླ་ ༥ ཚེས་ ༤ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་དབུ་ཁྲིད་པའི་བཀའ་བློན་རྣམ་པས་༸རྒྱལ་བའི་གཟིམ་ཆུང་ཕོ་བྲང་དུ་བཅར་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་མཇལ་བཅར་ཞུས་འདུག

སྐབས་དེར་མགོན་པོ་གང་ཉིད་མཆོག་གིས་བཀའ་སློབ་སྩལ་དོན།  ངོས་རང་ལོ་ན་ ༡༦ ཡིན་སྐབས་ཡོངས་འཛིན་སྟག་བྲག་རིན་པོ་ཆེའི་སྐུ་མདུན་ནས་བོད་མིའི་ཆབ་སྲིད་ཀྱི་འགན་དབང་ཡོངས་རྫོགས་རྩིས་བླངས་པ་ཡིན།  དེ་ནས་ཕྱི་ལོ་ ༢༠༡༡ ལོར་མང་གཙོའི་ལམ་ནས་འོས་འདེམས་བྱས་པའི་འགོ་ཁྲིད་ལ་རྩིས་སྤྲོད་བྱས་ནས་བོད་མིའི་ཆབ་སྲིད་ཀྱི་ལམ་ལུགས་དེ་མཐའ་གཅིག་ཏུ་མང་གཙོའི་རིང་ལུགས་ཐོག་འགྲོ་ཐུབ་པ་བྱུང་བ་རེད། 

དེ་སྔ་ཕྱི་ལོ་ ༢༠༡༦ ལོར་གནས་མཆོག་མཚོ་པདྨར་སྲིད་སྐྱོང་དང་ང་ཚོ་སྐད་ཆ་བྱུང་བ་ལྟར་རེད།   དེ་བཞིན་ཉེ་ལམ་གཞུང་ཞབས་ལས་བྱེད་བགྲེས་ཡོལ་དུ་ཕེབས་མཁན་མི་གྲངས་སུམ་ཅུ་སོ་གསུམ་བཅས་ལ་ཞུ་རྒྱུ་བྱུང་། ངོས་སྒེར་ལ་མཚོན་ན་ང་ཚོ་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་སྐུ་དུས་ནས་འབྲེལ་བ་ཡོད་པ་ཧ་ཅང་གསལ་པོ་རེད་འདུག ཅེས་དང་།

༸གོང་ས་མཆོག་གིས་བོད་ཀྱི་གནད་དོན་ཐོག་བཀའ་སློབ་སྩལ་དོན།  ད་ལྟའི་གནས་སྟངས་ལ་མཚོན་ན་བོད་ཀྱི་ལོ་རྒྱུས་ཁྲོད་དུས་ཚོད་ཧ་ཅང་གཉན་འཕྲང་ཅན་ཞིག་གི་སྒང་གནས་ཡོད་སྟབས་ཡ་ང་བའི་དུས་སྐབས་འདིར་བོད་སྤྱི་པའི་དོན་དུ་ལས་ཀ་བྱས་ནས་དཀའ་ལས་རྒྱག་མཁན་ཚོ་ཚེ་རབས་ནས་ཚེ་རབས་བོད་དང་ལས་འབྲེལ་ཡོང་རྒྱུ་ཡིན་པ་ཐག་ཆོད་པ་རེད། 

ཁྱེད་རང་ཚོས་དཀའ་ལས་བརྒྱབ་པའི་འབྲས་བུ་དེ་ཚེ་འདི་ཙམ་མ་ཟད། ཚེ་རབས་ཕྱི་མ་རྣམས་སུའང་ཕན་འབྲས་ཡོང་ངེས།  དེར་བརྟེན་ཁྱེད་རང་ཚོ་མུ་མཐུད་ནས་སེམས་ཤུགས་མ་ཆག་པ་བྱས་ནས་དཀའ་ལས་རྒྱག་དགོས། ཞེས་བཀའ་སློབ་སྩལ་བ་མ་ཟད། མགོན་པོ་གང་ཉིད་མཆོག་གི་རླབས་ཆེན་གྱི་ཐུགས་བསྐྱེད་དམ་བཅའ་གསུམ་གྱི་སྐོར་བཀའ་སློབ་སྩོལ་སྐབས་ཐུགས་བསྐྱེད་དམ་བཅའ་བཞི་པ་སྟེ།

རྒྱ་གར་གནའ་རབས་དཔལ་ནཱ་ལེནྡྲའི་སྲོལ་རྒྱུན་ནས་དར་བའི་སེམས་ཁམས་རིག་པ་དང་། ཚད་མ་རིག་པའི་རྣམ་གཞག་གཙོ་བོར་གྱུར་བའི་ལྟ་གྲུབ་དེ་དག་བསྐྱར་གསོ་མཛད་རྒྱུའི་ཐོག་ཐུགས་ཁུར་མཛད་བཞིན་ཡོད་པ་བཀའ་སློབ་སྩལ།

 མཇལ་ཁ་ཡོངས་སུ་གྲུབ་མཚམས་དཔལ་ལྡན་སྲིད་སྐྱོང་མཆོག་གིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་རྗེ་བཀའ་དྲིན་ཉག་གཅིག་ལ་བརྟེན་ནས་བོད་མིའི་སྒྲིག་འཛུགས་འདི་ཉིད་འདས་པའི་མི་ལོ་ ༦༠ རིང་ཧྲ་ཏག་ཏག་ཐོག་རྒྱུན་འཛིན་ཐུབ་པ་བྱུང་ཡོད་སྟབས། མགོན་པོ་གང་ཉིད་མཆོག་གི་བཀའ་དྲིན་རྗེས་སུ་དྲན་ནས་མ་འོངས་པར་མུ་མཐུད་འདི་ཕྱིའི་ལམ་སྟོན་བཀའ་སློབ་གསུང་གི་བདུད་རྩི་ཡང་ནས་ཡང་དུ་སྩོལ་གནང་ཡོང་བ་དང་།

ཐེངས་འདིར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་མཇལ་ཁ་ཞུ་རྒྱུ་བྱུང་བ་ནི། བསོད་ནམས་ཀྱི་བགོ་སྐལ་ཡིན་ཞིང་།  མ་འོངས་པར་མུ་མཐུད་ཆོད་སེམས་རྒྱུན་སྐྱོང་ཐོག་ནས་བོད་སྤྱིའི་རྩ་དོན་ཆེད་མུ་མཐུད་འབད་བརྩོན་ཞུ་རྒྱུ་ཡིན་སྐོར་ལྷ་སྙན་སྒྲོན་འབུལ་ཞུས་ཡོད་པ་བཅས།

 

Share with your friends










Submit