ཟླ་བ་ ༥ ཚེས ༡༥ ༢༠༡༨
Published By Kalsang Dekyi

ཕྱི་ལོ་༢༠༡༨ ཟླ་ ༥ ཚེས་ ༡༥ རེས་གཟའ་མིག་དམར།

༄༅། །འདི་གར་ཚོགས་དྲུང་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན།    སྐབས་ ༡༦ པའི་བོད་མི་མང་སྤྱི་འཐུས་རྣམས་བོད་མིའི་གཞིས་ཆགས་ཁག་ལ་ཕྱོགས་བསྐྱོད་ཕེབས་རྒྱུའི་ས་བགོས་ཡོད་པ་ལྟར། སྤྱི་འཐུས་ཀརྨ་དགེ་ལེགས་ལགས་ཕྱི་ལོ་ ༢༠༡༨ ཟླ་ ༤ ཚེས་ ༩ ནས་ ༢༦ བར་རྒྱ་གར་བྱང་ཤར་ཨ་རུ་ནཱ་ཅལ་མངའ་སྡེའི་ནང་རྟེན་གཞི་བྱས་པའི་བོད་མིའི་གཞིས་ཆགས་མེའོ་ཆོས་འཕེལ་གླིང་དང་། ཏི་ཛུ་དར་རྒྱས་གླིང་། ཀྲུ་ཀྲིང་བཅས་དང་། དེ་བཞིན་ན་ག་ལན་ཌི་མངའ་སྡེའི་ནང་བོད་མིའི་ཚོང་ལས་གཉེར་ས་ཀོ་ཧི་མ་དང་། རྡི་མ་པུར་བཅས་ལ་ཕྱོགས་བསྐྱོད་ལེགས་པར་གྲུབ་སྟེ་ཟླ་ ༤ ཚེས་ ༢༦ ཉིན་བཞུགས་གནས་སྦན་ད་ར་གཞིས་ཆགས་སུ་ཕེབས་འབྱོར་གནང་འདུག

དེ་ཡང་ཕྱི་ཚེས་ ༩ ཉིན་ནག་པུར་ནས་ཀོལ་ཀ་ཌ་བརྒྱུད་རྡི་མ་པུར་ས་གནས་སུ་ཕེབས་ཐོན་གནང་བ་དང་། ཕྱི་ཚེས་ ༡༠ ཉིན་རྡི་མ་པུར་གནམ་ཐང་དུ་འབྱོར་མཚམས་ས་གནས་རང་བདེན་དང་འོས་བསྡུ་ཚོགས་ཆུང་གི་ཚོགས་གཙོ། ཚོང་པ་སྐྱིད་སྡུག་གི་འཐུས་མི་བཅས་ནས་སྣེ་ལེན་གཟབ་རྒྱས་གནང་ཡོད་པ་དང་། དེ་བཞིན་གོང་འཁོད་གཞིས་ཆགས་ཁག་ཏུ་ཕེབས་སྐབས་ས་གནས་འགོ་འཛིན་དང་། ས་འཐུས་ཚོགས་གཙོ། ས་གནས་རང་བདེན་ཚོགས་གཙོ། མཉམ་དྲུང་། དེ་བཞིན་ས་གནས་ཀྱི་གནད་ཡོད་མི་སྣ་དང་མི་མང་བཅས་ནས་སྣེ་ལེན་ཕེབས་བསུ་ཞུས་གནང་ཡོད་འདུག

ཕྱི་ཚེས་ ༡༠ ཉིན་ནས་ས་གནས་ཁག་གི་ལས་རིམ་དབུ་འཛུགས་ཀྱིས་ཐོག་མར་རྡི་མ་པུར་བོད་མིའི་ཚོང་པའི་ཁྲོམ་ས་ཁག་དང་། ས་གནས་བོད་མིའི་ཚོང་པའི་ཁྱིམ་ཚང་གི་ཕྲུ་གུའི་ཆེད་བོད་ཡིག་ཟུར་འཁྲིད་གནང་སར་གཟིགས་བསྐོར་ཕེབས་གནང་བ་དང་། ཕྱི་དྲོ་ས་གནས་མང་ཚོགས་རྣམས་དང་ཐུག་འཕྲད་ཀྱིས་གསུང་བཤད་གནང་ཡོད།  ཕྱི་ཚེས་ ༡༡ ཉིན་ཀོ་ཧི་མ་ས་གནས་ཀྱི་མང་ཚོགས་ཐུག་འཕྲད་ཀྱིས་གསུང་བཤད་གནང་འདུག  

ཕྱི་ཚེས་ ༡༢ ནས་མུ་མཐུད་ལས་རིམ་ལྟར། མེའོ་ཆོས་འཕེལ་གླིང་གཞིས་ཆགས་དང་། ཏེ་ཛུ་དར་རྒྱས་གླིང་གཞིས་ཆགས། དེ་བཞིན་ཀྲུ་ཀྲིང་བཅས་སོ་སོའི་ས་གནས་འགོ་འཛིན་ལས་ཁུངས་དང་། ས་གནས་མཉམ་འབྲེལ་ལས་ཁུངས། ས་གནས་སློབ་གྲྭ་ཁག ས་གནས་སྨན་རྩིས་ཁང་དང་འཕྲོད་བསྟེན་སྨན་ཁང་། བུ་བཅོལ་ཁང། དགོན་པ། རྒས་གསོ་ཁང་། ཀྲུ་ཀྲིང་ནང་ཆགས་པའི་ངེས་གསང་མདོ་སྔགས་བྱང་ཆུབ་དར་རྒྱས་གླིང་དགོན་གྱི་འགྲེམས་སྟོན་ཁང་སོགས་ལ་གཟིགས་བསྐོར་ཕེབས་གནང་ཡོད་པ་དང་། དེ་བཞིན་ས་གནས་སོ་སོའི་མི་མང་དང་སློབ་ཕྲུག་རྣམས་ལ་གསུང་བཤད་གནང་བ་མ་ཟད། ས་གནས་ཁག་གི་གནས་སྟངས་རྒྱུས་ལོན་གནང་ཡོད་འདུག 

གཟིགས་བསྐོར་ཕྱོགས་ཕེབས་སྐབས་ས་གནས་སོ་སོའི་སློབ་ཕྲུག་དང་མི་མང་གི་བསམ་ཚུལ་བསྡུ་ལེན་དང་། བཞུགས་མོལ་ཚོགས་འདུ་ཐེངས་ ༡།  སློབ་ཕྲུག་དང་མི་མང་འདུ་འཛོམས་ཐོག་སྤྱི་འཐུས་ལགས་ཀྱིས་གསུང་བཤད་ཐེངས་  ༩ གནང་ཡོད་པ་དང་། ཐེངས་དེའི་སློབ་ཕྲུག་དང་མི་མང་འདུ་འཛོམས་སྐབས་སོ་སོར་སྤྱི་འཐུས་ལགས་ཀྱིས་སྤྱི་ནོར་༸གོང་ས་ ༸སྐྱབས་མགོན་ཆེན་པོ་མཆོག་གི་མཛད་འཕྲིན་དང་། བོད་མིའི་སྒྲིག་འཛུགས་ཀྱི་ཆབ་སྲིད་ལངས་ཕྱོགས། མང་གཙོའི་ལམ་ལུགས་དང་འཕེལ་རིམ་སྐོར། བོད་ནང་གི་ཛ་དྲག་གི་གནས་སྟངས། བོད་དོན་དང་འབྲེལ་བའི་རྒྱལ་སྤྱིའི་ཆབ་སྲིད་ཀྱི་གནས་བབ་སྐོར། སྐབས་ ༡༦ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ལྔ་པའི་ལས་རིམ་སྐོར་བཅས་ཀྱི་ཐོག་གསུང་བཤད་དང་མང་ཚོགས་ཀྱི་དྲི་བར་ལན་འདེབས་གསལ་བཤད་གནང་ཡོད།

ལྷག་པར་དུ་དགེ་ལས་སློབ་ཕྲུག་འདུ་འཛོམས་སྐབས། སྤྱི་འཐུས་ལགས་ཀྱིས་༸གོང་ས་མཆོག་དང་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་དྲིན་ལ་བརྟེན་ནས་ད་བར་བཙན་བྱོལ་དུ་མི་ལོ་ ༦༠ སྡོད་རིང་གྲུབ་འབྲས་བསམ་ཡུལ་ལས་འདས་པ་བྱུང་བའི་སྐོར་དང་། ༸གོང་ས་མཆོག་གིས་བོད་མིའི་ཆོས་དང་རིག་གཞུང། དམིགས་བསལ་སློབ་ཕྲུག་ཚོར་ཤེས་ཡོན་སྤྲོད་དགོས་པ་གཙོ་བཞེས་གནང་གི་ཡོད་སྐོར། ད་ཆ་སློབ་གྲྭ་ཁག་ནང་སློབ་ཕྲུག་གྲངས་འབོར་ཉུང་དུ་འགྲོ་བཞིན་པའི་དཀའ་ངལ་ཡོད་ནའང་ཡོད་པ་དེ་སྤུས་དག་པོ་གནང་དགོས་གལ་ཆེན་པོ་ཡིན་ལུགས། སློབ་གྲྭའི་འཛིན་སྐྱོང་ཚགས་ཚུད་དང་། སློབ་ཕྲུག་རྣམས་གཙང་སྦྲ་འཕྲོད་བསྟེན་དང་ཟས་བཅུད་ཐོག་དོ་སྣང་གནང་དགོས་པའི་ལམ་སྟོན་གསུང་བཤད་གནང་ཡོད་པ་དང་། མེའོ་ཆོས་འཕེལ་གླིང་གི་ས་འཐུས་ཚོགས་ཁང་དུ་ས་གནས་འཐུས་མིའི་ཚོགས་འདུའི་འགྲོ་ལུགས་དང་ལས་དོན་བྱེད་ཕྱོགས་ཀྱི་སྒྲིག་གཞི་ལག་བསྟར་གནང་དགོས་ལུགས་དང་། ས་གནས་འཐུས་ཚོགས་གལ་ཆེ་ཡིན་སྐོར་ལམ་སྟོན་གནང་ཡོད་འདུག ཀྲུ་ཀྲིང་ས་འགོ་ཁྱབ་ཁོངས་གྲོང་གསེབ་ཀོ་པུ་དང་། བོ་ན། དགེ་གླིང་གྲོང་། ནོར་བུ་གླིང་། བི་ཧ་རི་ལེན། པད་ཀོང་། ལ་ལིང་བཅས་ལ་རེ་རེ་བཞིན་ཕེབས་ཏེ་གཟིགས་བསྐོར་དང་མི་མང་མཇལ་འཕྲད་ཀྱིས་གསུང་བཤད་གནང་ཡོད་འདུག

དེ་བཞིན་སློབ་ཕྲུག་དང་མི་མང་ཁོངས་སོ་སོ་ནས་དཀའ་སེལ་མཇུག་སྐྱོང་དགོས་རིགས་སྙན་ཞུ་དང་། ཉམ་ཐག་གི་གནས་ཚུལ་རྒྱུས་ལོན་དང་དཀའ་སེལ་མཇུག་སྐྱོང་། དགོན་སྡེ་ཁག་དང་། སློབ་གྲྭ། མི་མང་སོགས་ཀྱི་གནས་སྟངས་ཐོག་གཟིགས་ཞིབ་གནང་ཆེད་ཕར་ཕེབས་ཚུར་འོང་ཐེ་བའི་ཁྱོན་ཉིན་གྲངས་ ༡༧ རིང་གི་གཞུང་འབྲེལ་ཕྱོགས་བསྐྱོད་ཀྱི་ལས་དོན་ཡོངས་སུ་གྲུབ་པ་གནང་ཡོད། ད་རེས་སྤྱི་འཐུས་མཆོག་ས་བགོས་ལྟར་ཕྱོགས་བསྐྱོད་ཕེབས་རིང་ས་གནས་སོ་སོ་ནས་བདེ་སྡུག་ཞུས་ཁག་འབྲེལ་ཡོད་ལྷན་ཁང་སོ་སོས་དཀའ་སེལ་དགོངས་བཞེས་དང་འབྲེལ་བའི་ཕྱག་བསྟར་མཇུག་སྐྱོང་གནང་དགོས་རིགས་རྣམས་དོན་གནད་རེ་རེ་བཞིན་སྤྱི་འཐུས་རྒྱུན་ལས་བརྒྱུད་འཛིན་སྐྱོང་བཀའ་ཤག་ཏུ་འབུལ་ལམ་ཞུ་རྒྱུ་ཡིན་པ་བཅས།

Share with your friends










Submit